《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་རྩོམ་གལ་ཆེན《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས》ཞེས་པ་སྤེལ།
2023.07.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཅུ་བཞི་པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས》ཞེས་པ་སྤེལ།

གསུང་རྩོམ་ནང་དུ། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་ནི། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་གཅིག་བསྡུས་ཀྱི་བཀོད་སྒྲིག་ཡིན། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་མུ་མཐུད་དུ་ཟབ་སྤེལ་བྱེད་པའི་དམིགས་ཡུལ་ནི། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པའི་ལས་ཁུངས་སྒྲིག་བཀོད་སྔར་ལས་ཚན་རིག་དང་མཐུན་པར་བྱེད་རྒྱུ་དང་། འགན་ནུས་སྒྲིག་བཀོད་སྔར་ལས་ལེགས་སྒྱུར་བྱེད་རྒྱུ། སྒྲིག་སྲོལ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ། འཁོར་སྐྱོད་དོ་དམ་སྔར་ལས་ཕན་ནུས་ལྡན་པར་བྱེད་རྒྱུ་བཅས་ཡིན། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ནི་རྙོག་འཛིང་ཆེ་ཞིང་མ་ལག་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པས། བསྒྲུབས་མ་ཐག་ཏུ་འགྲུབ་པ་ཞིག་མིན་ལ། ཐེངས་གཅིག་ལ་བསྒྲུབ་ཚར་བ་ཞིག་ཡིན་པས། འགན་འཁྲི་དང་ལས་འགན་གསར་པ་དང་། འཐབ་ཇུས་ཀྱི་བཀོད་སྒྲིག་གསར་པ། བྱ་བའི་དགོས་མཁོ་གསར་པ་བཅས་གཞིར་བཟུང་ནས། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་རྒྱུན་མ་ཆད་པར་ལེགས་སྒྲིག་ལེགས་སྒྱུར་བྱས་ནས། དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་གྱི་དགོས་མཁོ་དང་སྔར་ལས་བཟང་བོར་མཐུན་པར་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།

གསུང་རྩོམ་ནང་དུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་དམིགས་ཡུལ་གལ་ཆེན་ཞིག་ནི་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དེར་ཤུགས་བསྣན་ནས། ལས་ཁུངས་ཀྱི་འགན་ནུས་སྟེང་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དེ་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ། གོ་རིམ་སོ་སོར་དོན་འཁྱོལ་བྱེད་རྒྱུ་དེ་ཡིན། ཐེངས་འདིའི་ལས་ཁུངས་བཅོས་སྒྱུར་ཁྲོད་དུ། ཏང་ཀྲུང་དབྱང་གི་ཇུས་ཆོད་གྲོས་མོལ་མཐུན་སྦྱོར་ལས་ཁུངས་གསར་པ་བཙུགས་པ་དང་། ཏང་ཀྲུང་དབྱང་གི་འགན་ནུས་སྡེ་ཁག་དང་དོན་སྒྲུབ་ལས་ཁུངས་གསར་དུ་སྒྲིག་འཛུགས་བྱས་པ། ཁྱབ་ཁོངས་གཙོ་བོ་རུ་ཏང་ཀྲུང་དབྱང་གི་མངགས་གཏོང་ལས་ཁུངས་གསར་པ་བཙུགས་པ་བཅས་ནི། ཁྱད་སྟོབས་འདོན་པ་དང་ཞན་ཆ་གསབ་པ། མི་འདང་སར་ཤུགས་སྣོན་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གིས་བྱ་བ་གལ་ཆེན་ལ་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་ཤུགས་སྣོན་པའི་ཆེད་ཡིན། དེ་དང་མཉམ་དུ། དངུལ་རྩའི་དོ་དམ་སྒྲིག་སྲོལ་དང་། ཚན་རྩལ་དོ་དམ་སྒྲིག་སྲོལ། སྤྱི་ཚོགས་དོ་དམ་སྒྲིག་སྲོལ་སོགས་ཐད་ནས་ལས་ཁུངས་ཀྱི་སྒྲིག་བཀོད་དང་འགན་ནུས་བཀོད་སྒྲིག་ཐད་ཅུང་ལུགས་མཐུན་གྱི་ཇུས་འགོད་དང་བཀོད་སྒྲིག་བྱས་ཡོད། ལེགས་སྒྲིག་འདི་དག་ནི་ང་ཚོ་འཕྲད་པའི་རིམ་པ་ཟབ་མོའི་འགལ་བ་དང་གནད་དོན་ལ་དབྱེ་ཞིབ་བྱེད་པའི་རྨང་གཞིའི་སྟེང་བཏོན་པའི་ཐག་གཅོད་བྱེད་ཐབས་ཡིན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རང་རྟོགས་ཀྱིས་ཆེ་ཕྱོགས་ལ་གཞིགས་ནས་བསམ་བློ་གཏོང་བ་དང་ཆེ་ཕྱོགས་ལ་གཞིགས་ནས་འགུལ་སྐྱོད་བྱས་ཏེ། ལས་ཁུངས་ཀྱི་བཅོས་སྒྱུར་ཇུས་གཞི་འགྱུར་བ་མེད་པར་ཇི་མ་ཇི་བཞིན་དུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལྷག་པར་དུ་ལས་ཁུངས་བཅོས་སྒྱུར་གྱི་ཇུས་གཞི་གཞིར་བཟུང་ནས་སྡེ་ཁག་གི་གཏན་ཁེལ་གསུམ་གྱི་གཏན་ཁེལ་སྒྲིག་བཟོ་དང་ལག་བསྟར་ནན་མོ་བྱེད་དགོས་ཞེས་བསྟན་ཡོད།

གསུང་རྩོམ་ནང་དུ། ལས་ཁུངས་བཅོས་སྒྱུར་གྱི་རྩ་འཛུགས་དང་ལག་བསྟར་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི་ཧ་ཅང་གལ་ཆེ་བས། ཏང་གིས་ལས་ཁུངས་བཅོས་སྒྱུར་གྱི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། མ་བཙུགས་ན་མི་གཏོར་བ་དང་སྔོན་བཙུགས་རྗེས་གཏོར་རྒྱུན་འཁྱོངས་བྱེད་པ། ལས་ཁུངས་ཀྱི་འགན་ནུས་ལེགས་སྒྱུར་དང་མཐུན་སྦྱོར་ཕན་ལེགས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་དབྱང་དང་ས་གནས་བསམ་བཀོད་གཅིག་ཏུ་རྒྱུན་འཁྱོངས་བྱེད་པ། བཅོས་སྒྱུར་དང་ཁྲིམས་སྐྱོང་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། བསམ་བློ་ཆབ་སྲིད་བྱ་བ་དེ་བཅོས་སྒྱུར་གྱི་བརྒྱུད་རིམ་ཧྲིལ་བོར་སྦྲེལ་རྒྱུ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་ཉམས་མྱོང་རྩ་ཆེན་མུ་མཐུད་དུ་བཀོལ་སྤྱོད་བཟང་བོ་བྱས་ཏེ། རྩ་འཛུགས་ཡོད་པ་དང་གོ་རིམ་ཡོད་པ། སྒྲིག་ལམ་ཡོད་པ་བཅས་ཀྱི་སྒོ་ནས་ལས་ཁུངས་བཅོས་སྒྱུར་གྱི་རྩ་འཛུགས་དང་ལག་བསྟར་བྱ་བ་བསྒྲུབ་དགོས། གཅིག གཅིག་གྱུར་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་ཏུ། ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གིས་འགོ་ཁྲིད་དེ་འཛིན་པ་དང་། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་བསྣན་ནས། མཐུན་སྦྱོར་རྐྱེན་སྲོལ་འཛུགས་དགོས། གཉིས། བརྟན་བརླིང་གི་གདངས་གཞི་རྒྱུན་འཁྱོངས་བྱེད་དགོས་ཏེ། ཐེངས་འདིའི་ལས་ཁུངས་བཅོས་སྒྱུར་ནི་སྡེ་ཁག་ཅུང་མང་བོར་འབྲེལ་བ་དང་གནད་དོན་ཅུང་ཟབ་མོར་འབྲེལ་ཡོད་པས། སྔོན་ལ་ཇུས་གཞི་གཏན་ཁེལ་བྱས་རྗེས་ད་གཟོད་ལག་བསྟར་བྱེད་དགོས། ཀྲུང་དབྱང་དང་ས་གནས་ལས་ཁུངས་ཀྱི་བཅོས་སྒྱུར་གཉིས་བྱ་བའི་བཀོད་སྒྲིག་དང་རྩ་འཛུགས་ལག་བསྟར་ཐད་ནས་ནུས་ལྡན་སྦྲེལ་མཐུད་དང་གོ་རིམ་ལྡན་པར་སྐུལ་སྤེལ་བྱེད་དགོས། གསུམ། མིའི་བྱ་བ་བཟང་བོར་བསྒྲུབ་དགོས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཆབ་སྲིད་ལ་དང་དོད་བྱེད་པ་དང་། ཆེ་ཕྱོགས་ལ་ལྟ་བ། སྒྲིག་ལམ་སྲུང་བ་བཅས་ལ་ཁྲིད་སྟོན་བྱེད་པ་དང་། ཁེ་ཕན་ལེགས་སྒྲིག་དང་མི་སྒེར་གྱི་གནས་བབ་འགྱུར་ལྡོག་ལ་ཡང་དག་པར་བལྟས་ཏེ། བཅོས་སྒྱུར་ལ་རྒྱབ་སྐྱོར་གང་ལེགས་བྱེད་དགོས་པ་དང་། རང་རྟོགས་ཀྱིས་རྩ་འཛུགས་ཀྱི་བཀོད་སྒྲིག་ལ་ཉན་དགོས། བཞི། སྒྲིག་ལམ་ནན་མོ་ལག་བསྟར་བྱེད་དགོས་ཏེ། ལས་ཁུངས་ཀྱི་སྒྱུར་བཅོས་དང་འགན་ནུས་ལེགས་སྒྱུར་དང་འབྲེལ་བའི་སྡེ་ཁག་གིས་རང་རྟོགས་ཀྱིས་གོང་རིམ་གྱི་བཀོད་སྒྲིག་ལ་ཉན་ནས། ལས་ཁུངས་དང་འགན་ནུས། མི་སྣ་སོགས་བླང་བྱ་དང་དུས་བཅད་ལྟར་དུ་ལེགས་སྒྲིག་དོན་འཁྱོལ་བྱེད་པར་ཁག་ཐེག་བྱེད་དགོས། ལྔ། ཁྲིམས་ཀྱི་གཞི་འཛིན་ས་ཡོད་པར་བྱེད་དགོས་ཏེ། ཁྲིམས་སྐྱོང་གི་ལམ་དུ་ལས་ཁུངས་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། ཁྲིམས་འཛུགས་ལས་ཁུངས་ཀྱིས་གཅིག་འདོམས་བྱས་ཏེ་བཟོ་བཅོས་དོར་འགྲེལ་རྣམ་བཞིའི་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་བསྟན་ཡོད།