བློ་མཐུན་ཀྲུའུ་ཀྲི་གོ་ཡི་སྔོན་ཐོན་མཛད་རྗེས་སྙན་ཞུ་ཚོགས་འདུ་ཀྲུང་དབྱང་རྩ་འཛུགས་པུའུ་རྒྱལ་ཡོངས་རྩ་འཛུགས་ལས་བྱེད་པའི་སློབ་གླིང་དུ་བསྡུས།
2023.07.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

བློ་མཐུན་ཀྲུའུ་ཀྲི་གོ་ཡི་སྔོན་ཐོན་མཛད་རྗེས་སྙན་ཞུ་ཚོགས་འདུ་ཀྲུང་དབྱང་རྩ་འཛུགས་པུའུ་རྒྱལ་ཡོངས་རྩ་འཛུགས་ལས་བྱེད་པའི་སློབ་གླིང་དུ་བསྡུས།

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཡོངས་ཕུལ་བྱུང་རྩ་འཛུགས་བྱ་བའི་ལས་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན་བློ་མཐུན་ཀྲུའུ་ཀྲི་གོ་ཡི་སྔོན་ཐོན་མཛད་རྗེས་སྙན་ཞུ་ཚོགས་འདུ་ཀྲུང་དབྱང་རྩ་འཛུགས་པུའུ་རྒྱལ་ཡོངས་རྩ་འཛུགས་ལས་བྱེད་པའི་སློབ་གླིང་དུ་བསྡུས་པ་དང་། རྒྱལ་ཡོངས་ཀྱི་གསར་དུ་འགན་ཁུར་བའི་གྲོང་ཁྱེར་དང་རྫོང་གི་རྩ་འཛུགས་པུའུ་ཀྲང་དང་།  ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཡོངས་རྩ་འཛུགས་ལས་བྱེད་པའི་སློབ་གླིང་གི་འབྲེལ་ཡོད་བློ་མཐུན་བཅས་མི་སུམ་བརྒྱ་ལྷག་སྙན་ཞུའི་ཚོགས་འདུར་ཞུགས།

སྙན་ཞུའི་ཚོགས་ཐོག་ཏུ་བློ་མཐུན་ཀྲུའུ་ཀྲི་གོ་ཡི་སྔོན་ཐོན་མཛད་རྗེས་ཆེད་བསྒྲིགས་ལེ་ཚན《རེ་འདུན》ཞེས་པར་བལྟས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཁྲུའུ་དང་པོའི་ལས་བྱེད་པ་ཆིས་རུང་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་སྲིད་གཞུང་གཞུང་སྒྲུབ་ཁང་ཁ་ལོ་བའི་རུ་ཁག་གི་རུ་གཙོ་ཏིན་ཁྲིན་ཀང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ཝང་ཝུན་ཏུང་། ཞིང་ཆེན་ལས་བྱེད་པ་རྒན་པའི་ངལ་གསོ་ཁང་གཉིས་པའི་ལས་བྱེད་པ་ཀྲུའུ་ཀྲི་ཧྭ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ་ལིས་ཅེ་བཅས་མི་ལྔ་ཡིས་སྙན་ཞུ་ཚོགས་པ་གྲུབ་ཡོད།  ཆེས་སྤྱིར་བཏང་གི་སྐད་ཆ་དང་། གསོན་ཉམས་ལྡན་པའི་དཔེ་མཚོན། རྣམ་དག་གི་བརྩེ་བ་བཅས་ཀྱིས་ཟུར་ངོས་མི་འདྲ་བའི་སྒོ་ནས་བློ་མཐུན་ཀྲུའུ་ཀྲི་གོ་ཡི་སེམས་འགུལ་ཐེབས་པའི་མཛད་རྗེས་གླེང་པ་དང་། ཁོའི་བློ་དཀར་ཁག་ཁུར་དང་། འབད་འཐབ་བརྟན་པོ། རང་དོར་གཞན་གཅེས་ཀྱི་སྙིང་སྟོབས་མངོན་པར་བྱས།

སྙན་ཞུའི་ཚོགས་འདུར་ཚུར་སྣང་ཆེན་པོ་བྱུང་། ཚང་མས་གཅིག་གྱུར་གྱིས་བལྟས་ན། བློ་མཐུན་ཀྲུའུ་ཀྲི་གོ་ནི་དུས་རབས་གསར་བར་མཐོ་སྒང་ལ་རྐང་བཙུགས་ནས་གཞན་དོན་ལ་གཞོལ་བའི་མཚོ་སྔོན་གྱི་ཏང་ཡོན་ལས་བྱེད་པའི་སྔོན་ཐོན་དཔེ་མཚོན་ཞིག་ཡིན་ལ། རྒྱལ་ཡོངས་རྩ་འཛུགས་ལས་བྱེད་པའི་མིག་དཔེ་དང་ཚད་ཤིང་ལྟ་བུར་གྱུར་ཡོད། རྩ་འཛུགས་བྱ་བ་སྒྲུབ་པའི་ལོ་ངོ་ཉི་ཤུའི་རིང་ལ། ཁོས་དུས་དང་རྣམ་པ་ཀུན་ཏུ་ལས་བརྩོན་ལས་བཀུར་དང་། ལས་གནས་བརྟན་སྲུང་། གསར་གཏོད་བྱེད་ཕོད་པར་བྱས་ལ། རྒྱུན་ཆད་མེད་པར་གནས་བབ་གསར་བའི་འོག་གི་རྩ་འཛུགས་བྱ་བའི་བསམ་ཕྱོགས་གསར་བ་དང་། བྱེད་ཐབས་གསར་བ་འཚོལ་ཞིབ་བྱས་ཏེ། རྩ་འཛུགས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་མི་ཚེ་གང་བོའི་རེ་སྙེག་བྱས་ནས། ཚད་ཡོད་པའི་ཚེ་སྲོག་གིས་ཏང་དང་མི་དམངས་ལ་བློ་དཀར་ཚད་མེད་བྱེད་པའི་ལོ་རྒྱུས་བྲིས། འབད་པ་ཆེན་པོས་བློ་མཐུན་ཀྲུའུ་ཀྲི་གོ་ལ་སློབ་སྦྱོང་བྱེད་དགོས། སློབ་སྦྱོང་གི་གོ་རྟོགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་དངོས་འབེབས་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཁག་ཁུར་ཕོད་པ་དང་། འགག་སྒྲོལ་དཀའ་སེལ་བྱེད་པ། འབད་འཐབ་ལྷོད་མེད་དང་ཡུན་རིང་ཕན་འབྲས་ལ་དམིགས་པ། དངོས་སུ་སྒྲུབ་ནས་གྲུབ་འབྲས་ལེན་པ་དང་། དངོས་སུ་སྒྲུབ་ནས་རྣམ་པ་གསར་བ་ཕྱེས་ཏེ། དུས་རབས་གསར་བ་དང་བསྐྱོད་ལམ་གསར་བར་རྩ་འཛུགས་བྱ་བའི་ཁག་ཁུར་གསར་བ་དང་བྱེད་ཕྱོགས་གསར་བ་གསལ་བོར་མངོན་པར་བྱས་ནས། རྒྱལ་ཁབ་སྟོབས་ལྡན་བསྐྲུན་པར་སྐུལ་འདེད་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་བཞག་ཐད་སྟོབས་དང་ལྡན་པའི་རྩ་འཛུགས་འགན་སྲུང་འདོན་སྤྲོད་བྱེད་དགོས།

རྒྱུས་ལོན་པ་ལྟར་ན། སྙན་ཞུའི་ཚོགས་པ་ད་དུང་ཀྲུང་གོ་ཕུའུ་ཏུང་ལས་བྱེད་པའི་སློབ་གླིང་དང་། ཀྲུང་གོ་ཡན་ཨན་ལས་བྱེད་པའི་སློབ་གླིང་།  ཀྲུང་གོ་ཅིན་ཀང་རི་བོའི་ལས་བྱེད་པའི་སློབ་གླིང་སོགས་སུ་སོང་ནས་དྲིལ་སྒྲོག་བྱ་བ་སྤེལ་རྒྱུ་རེད།

རིག་འཛིན་སྒྲོལ་མས་བསྒྱུར།