ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བར་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་། ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། དྲ་རྒྱའི་ཆ་འཕྲིན་ལས་དོན་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གྱི་ཕན་འབྲས་གསར་པར་བརྟེན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་འདོད་བློ་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རྒྱལ་གྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཏང་གིས་དྲ་འཕྲིན་ལས་དོན་ལ་མགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་བསྣན་པ། དྲ་རྒྱའི་བར་སྟོང་གི་རྒྱལ་སྤྱིའི་སྐད་ཆ་བཤད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་སྒོས་ཆེ་རུ་ཕྱིན་པ་བཅས་ཀྱི་དབང་གིས། དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ཐད་གོམ་སྟབས་གསར་པ་སྤོས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། དྲ་འཕྲིན་ལས་དོན་གྱི་གོ་གནས་གལ་ཆེན་ཉིན་བཞིན་མངོན་སུམ་ཇེ་དྲག་ཏུ་འགྲོ་བཞིན་ཡོད་ཅེས་ནན་གྱིས་གསུངས། ཚང་མས་དར་ཆ་བསྒྲེངས་ནས་དམངས་སེམས་གཅིག་སྡུད་བྱེད་པ་དང་ཉེན་ཁ་བཀག་ནས་བདེ་འཇགས་ལ་འགན་ལེན་བྱེད་པ། བཅོས་སྐྱོང་ལ་བརྟེན་ནས་དམངས་འཚོར་ཕན་འདོགས་པ། སྒུལ་ནུས་འཕེལ་བར་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཉམ་ལས་ལ་བརྟེན་ནས་གཉིས་ཕན་དོན་གཉེར་བཅས་ཀྱི་འགན་འཁྲི་དང་ལས་འགན་ཕྲག་ཏུ་ཏན་ཏིག་འཁུར་ནས། སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི“རྒྱུན་འཁྱོངས་བཅུ”དོན་འཁྱོལ་བྱས་ཏེ། དྲ་འཕྲིན་ལས་དོན་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པའི་འདོད་བློ་བསྟན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་དྲ་སྐྱོང་བགྲོད་ལམ་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དྲང་ནུས་ནི་སྤྱིའི་བླང་བྱ་ཡིན་པ་དང་དོ་དམ་ཐུབ་པ་ནི་གནས་ལུགས་ཡང་དག་ཡིན་པ། བེད་སྤྱོད་ལེགས་པ་ནི་ནུས་པ་རྣལ་མ་ཡིན་པ་བཅས་རྒྱུན་འཁྱོངས་བྱེད་དགོས་ཞེས་གསུངས། ཚང་མས་དྲ་འཕྲིན་ལས་དོན་ཁྲོད་སྤྱི་ཚོགས་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་དང་འགོག་སྲུང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་ཀྱི་འགོག་ར་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ཞེས་བཤད།
བན་དེ་སྐྱབས་ཀྱིས་བསྒྱུར།