ཏིན་ཞུའེ་ཞང་གིས་དབྱར་དུས་ཀྱི་གློག་བདེ་འཇགས་མཁོ་འདོན་འགན་ལེན་ལས་དོན་ལ་རྟོག་ཞིབ་མཛད།
2023.07.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་ཧྭ་ནུན་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་ཟི་རུ་རྟོག་ཞིབ་མཛད་དེ་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། དབྱར་དུས་ཀྱི་གློག་བདེ་འཇགས་མཁོ་འདོན་ལས་དོན་སྔར་ལས་ཡག་པོ་བསྒྲུབ་དགོས་པའི་ཐད་ཞིབ་འཇུག་བྱས།

ཏིན་ཞུའེ་ཞང་གིས་ནུས་ཁུངས་གློག་ཤུགས་ནི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་རྨང་གཞིའི་འགན་ལེན་ཞིག་ཡིན་པས། རྒྱལ་ཇུས་དམངས་ཚིས་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཐད་ཀར་འབྲེལ་བ་ཡོད། མིག་སྔར་དབྱར་ཁའི་གནད་འགག་དུས་སྐབས་སུ་སླེབས་ཡོ་པས། བསམ་བློའི་ངོས་འཛིན་སྔར་ལས་མཐོ་རུ་བཏང་ནས། “རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་བཅངས་ཏེ། ནུས་ཁུངས་དང་གློག་ཤུགས་བདེ་འཇགས་ཀྱི་མཁོ་སྤྲོད་འགན་ལེན་ལས་དོན་ཡག་པོ་སྒྲུབ་དགོས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར་དུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཁྲོད་ངང་གིས་གྲུབ་པའི། སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ཅི་ཡོད་ནུས་ཁུངས་འགན་ལེན་གྱི་དཀའ་གནད་ཐག་གཅོད་དང་། དབྱར་དུས་ཀྱི་གློག་ བདེ་འཇགས་མཁོ་འདོན་འགན་ལེན་གྱི་ལས་དོན་ལེགས་པར་སྒྲུབ་པའི་ཕན་འབྲས་དངོས་ལ་བསྒྱུར་དགོས་ཞེས་གསུངས།

ཏིན་ཞུའེ་ཞང་གིས་གཙོ་གནད་ས་ཁོངས་དང་གཙོ་གནད་དུས་སྐབས།

གཙོ་གནད་ཁྱབ་ཁོངས་བཅས་ལ་དམ་པོར་དམིགས་ཏེ། གློག་ཤུགས་མཁོ་འདོན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཅིག་གྱུར་བཀོད་གཏོང་དོ་དམ་ལ་ཤུགས་བསྣན་ནས། གློག་འགོག་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། ནུས་ཁུངས་གློག་ཤུགས་བརྟན་པོའི་ངང་མཁོ་འདོན་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་དང་། གློག་དང་རྡོ་སོལ་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་རྒྱུར་མུ་མཐུད་དུ་དམ་འཛིན་ཡག་པོ་བྱེད་པ། གློག་གཏོང་བའི་ནུས་པ་སྔར་ལས་ཆེ་རུ་གཏོང་བ་བཅས་བྱས་ནས། འཕྲུལ་ཚན་གྱིས་འདོན་དགོས་ངེས་ཀྱི་གློག་གཏོང་ཐུབ་པར་བྱས་ཏེ། སྐྲུན་བཞིན་པའི་འཕྲུལ་ཚན་གྱི་གློག་གཏོང་བའི་འཕེལ་རིམ་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། གློག་ཤུགས་ཀྱི་དགོས་མཁོའི་ཕྱོགས་ཀྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་ར་ཅན་གྱི་བྱེད་ཐབས་སྤྱད་དེ་རིགས་སོ་སོའི་གློག་སྤྱོད་མཁན་ལ་གློག་སྤྱོད་ནོར་འཕྲུལ་ཡོད་པར་ཁྲིད་སྟོན་གང་ལེགས་བྱས་ཏེ། དམངས་འཚོ་དང་དེ་བཞིན་གློག་སྤྱོད་མཁན་གལ་ཆེན་ལ་གློག་བཀོལ་བར་ཤུགས་རྐྱེན་མི་ཐེབས་པའི་ཐད་འགན་ལེན་ནན་མོ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགལ་རྐྱེན་གཙང་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་པོར་སྲུང་དགོས། འགན་འཁྲི་ནན་ཏན་གྱི་སྒོ་ནས་འཁུར་བ་དང་ལས་དོན་ཞིབ་ཚགས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། དབྱར་དུས་ཀྱི་གློག་བདེ་འཇགས་དང་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཞེས་ནན་གྱིས་གསུངས།

བཞུགས་མོལ་ཚོགས་འདུ་མ་འཚོགས་པའི་སྔོན་ལ། ཏིན་ཞུའེ་ཞང་ཧྭ་ནུན་ལྟ་སྐུལ་དོ་དམ་ལྟེ་གནས་སུ་སོང་ནས། ཁེ་ལས་ཀྱི་ནུས་ཁུངས་ཐོན་སྐྱེད་མཁོ་འདོན་འགན་ལེན་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། རྒྱལ་ཁབ་གློག་ཤུགས་བཀོད་གཏོང་ཚོད་འཛིན་ལྟེ་གནས་སུ་གློག་དྲ་བཀོད་གཏོང་འཁོར་སྐྱོད་དང་གློག་ཤུགས་མཁོ་འདོན་འགན་ལེན་སོགས་ཀྱི་གནས་ཚུལ་ལའང་རྒྱུས་ལོན་ཞིབ་མོ་བྱས།

ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་ཁོངས་མི་དང་། བརྗོད་དོན་སློབ་གསོའི་ཀྲུང་དབྱང་གི་མགོ་ཁྲིད་ཚན་ཁག་ང་གཅིག་པའི་འགན་འཁུར་བློ་མཐུན་འབྲེལ་ཡོད་རྟོག་ཞིབ་ལས་དོན་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།