ཁྲིན་ཀང་གིས་རྨ་ལྷོ་ཁུལ་གྱི་ཐུན་རིན་གྲོང་ཁྱེར་དང་རྩེ་ཁོག་རྫོང་།ཧི་ནན་རྫོང་བཅས་སུ་རྟོག་ཞིབ་བྱས།
2023.07.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲེན་ཀང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་རིན་གྲོང་ཁྱེར་དང་རྩེ་ཁོག་རྫོང་། ཧི་ནན་སོག་རིགས་རང་སྐྱོང་རྫོང་བཅས་སུ་རྟོག་ཞིབ་བྱས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། བརྗོད་དོན་སློབ་གསོ་སྤེལ་བའི་ལས་དོན་དང་ཟུང་འབྲེལ་བྱས་ནས། ཏང་ཀྲི་པུའུ་ཡག་པོ་འཛུགས་པ་དང་སྣེ་ཁྲིད་པ་ཡག་པོ་འདེམས་པ། མཉམ་ལས་ཁང་སྔར་ལས་སྟོབས་ལྡན་དུ་གཏོང་བ། ལམ་བུ་ཡག་པོ་བཏོད་པ། སྲིད་ཇུས་ཡག་པོ་སྤྱོད་པ། ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་བ། འཚོ་བ་ཡག་པོ་སྐྱེལ་ཐུབ་པར་བྱེད་དགོས་ཞེས་ནན་བཤད་བྱས།

ཁྲིན་ཀང་གིས་གྲོང་གསེབ་དར་སྤེལ་མཉམ་འབྲེལ་ས་ཚིགས་ཀྱི་སྡེ་བ་སྟེ། ཐུན་རིན་གྲོང་ཁྱེར་ཧོར་ནག་ཞང་རུ་ཞོལ་མ་སྡེ་བར་སོང་ནས། སྡེ་བ་དེ་གའི་རྨོ་ཞིང་དང་ཁྱིམ་ཚང་། སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་བཅས་དང་། དེ་བཞིན་མངགས་གཏོང་ཁང་བཅས་སུ་དངོས་བཅར་བྱས་ཏེ་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། སྡེ་བ་དེའི་ཐོན་ལས་འཕེལ་རྒྱས་ལ་གསོན་ཉམས་ལྡན་པ་དང་། མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཚོགས་པ། སྡེ་བའི་ཕྱིའི་རྣམ་པ་གཙང་བ། སྤྱི་ཚོགས་བདེ་འཇགས་བརྟན་ལ་གོ་རིམ་ལྡན་པ་བཅས་ཀྱི་ཉམས་བཟང་མཐོང་བས་ཁོ་ཧ་ཅང་དགའ་ཚོར་སྐྱེས། ཁྲིན་ཀང་གིས་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ། སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་དང་ཏང་ཡོན་རྒན་པ། ཕྱུག་འགྱུར་སྣེ་ཁྲིད་པ། སྡེ་སྡོད་ཧྲུའུ་ཅི་དང་པོ་སོགས་དང་མཉམ་དུ་བསྡད་དེ་འགྱུར་ལྡོག་དང་འཕེལ་རྒྱས་སྐོར་ནས་ཁ་བརྡ་བྱས། ཁྲིན་ཀང་གིས་སྡེ་བས་འཚོལ་ཞིབ་བྱས་པའི་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི“རུ་ཞོལ་མའི”བྱེད་སྟངས་ལ་ཁས་ལེན་གང་ལེགས་བྱས་ནས། མ་འོངས་པའི་འཕེལ་རྒྱས་ལ་རེ་བས་བརྟས་ཏེ་ནན་གྱིས་བསྟན་དོན། སྡེ་བའི་ཏང་ཀྲི་པུའུ་འཛུགས་སྐྲུན་ལ་སྔར་ལས་ཤུགས་བསྣན་ནས། གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས། སྤྱི་པའི་ཞབས་ཞུའི་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་སྟེ། འཕེལ་རྒྱས་ཀྱི་གཏིང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། མི་རིགས་སོ་སོའི་མང་ཚོགས་ཏང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་དུ་འཇུག་དགོས། ཐོན་ལས་དར་སྤེལ་གཏོང་བའི་འགག་རྩར་དམ་འཛིན་བྱས་ནས། སྲིད་ཇུས་ཀྱི་ཕན་འབྲས་དང་ཁྲོམ་རའི་བྱེད་ཐབས་ཟུང་འབྲེལ་བྱས་ཏེ། ཕྱུག་འགྱུར་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། སྒུག་ནས་མི་འདུག་པ་དང་གཞན་ལ་མི་བརྟེན་པར་ཕྱར་བ་གྲུ་འདེགས་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གང་ལེགས་བཏང་སྟེ། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་བྱས་ནས་ཕྱུག་འགྱུར་ལ་སྣེ་ཁྲིད་ཏན་ཏིག་བྱེད་དགོས། ཁྱིམ་མཚེས་ཕན་ཚུན་འཆམ་མཐུན་མཉམ་གནས་དང་། དུས་རབས་གསར་པའི་“ཧྥིན་ཆའོ་ཡི་ཉམས་མྱོང་”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ། གྲོང་གསེབ་བཅོས་སྐྱོང་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། བཅོས་སྐྱོང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། ཁྱིམ་མཚེས་བར་གྱི་རྩོད་གཞི་དང་ཁྱིམ་ཚང་བར་གྱི་འགལ་བ་ཐག་གཅོད་བྱེད་རོགས་བཅས་བྱས་ཏེ། ཕན་ཚུན་རོགས་རེས་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་དར་སྲོལ་གསར་པ་ཞིག་གྲུབ་པར་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་གཏོང་བའི་ལས་དོན་གྱི་གནད་དོན་དག་ཐེར་དང་ཞིབ་བཤེར་རྩིས་ལེན་དང་ཕན་འབྲས་ལྡན་པའི་སྒོ་ནས་འབྲེལ་མཐུད་གང་ལེགས་བྱས་ནས། འབྲེལ་ཡོད་གཞི་གྲངས་ལ་གནད་དུ་འཁེལ་བའི་སྒོ་ནས་བསྡོམས་རྩིས་རྒྱག་པ་དང་། རྒྱབ་སྐྱོར་གྱི་སྲིད་ཇུས་བེད་སྤྱོད་གང་ལེགས་བྱེད་པ། བྱེད་ཐབས་རེ་རེ་བཞིན་དོན་འཁྱོལ་བཅས་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་དངོས་ནས་གྲུབ་པར་བྱེད་དགོས།

དེའི་རྗེས་ཁྲིན་ཀང་རྩེ་ཁོག་རྫོང་གི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་དང་། ཧི་ནན་རྫོང་གསེར་ལུང་ཞང་ལམ་ལུང་སྡེ་བར་སོང་ནས། ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ནས་ནན་གྱིས་བསྟན་དོན། བསམ་བློ་བཅིངས་འགྲོལ་དང་བསམ་ཕྱོགས་རྒྱ་ཆེར་བཏང་ནས། འཇོན་ཐང་མི་སྣ་གསོ་སྐྱོང་བྱས་པ་བརྒྱུད། ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ། དམངས་ཕྱུག་གྲོང་དར་གྱི་བགྲོད་ལམ་སྟེང་བབ་བརླིང་གིས་བསྐྱོད་དགོས་ཟེར། ཁྲིན་ཀང་གིས་རྩེ་ཁོག་རྫོང་དམེ་ཤུལ་གྲོང་རྡལ་གྱི་རྒན་གསོ་ཁང་དང་ཧི་ནན་རྫོང་ལཱ་ཁ་དགོན། ཐུན་རིན་གྲོང་ཁྱེར་གྱི་ནུབ་རིའི་ས་གཤིས་གནོད་ཐེབས་འགལ་རྐྱེན་ས་ཚིགས་བཅས་སུ་སོང་ནས། འབྲེལ་ཡོད་སྡེ་ཁག་དང་ལས་བྱེད་མི་སྣར་བརྩེ་སེམས་བཅངས་ཏེ་རྒན་གསོའི་ལས་དོན་ཡག་པོ་བསྒྲུབས་ནས། ལོ་ལོན་ཚོར་ཏང་གི་ཐུགས་ཁུར་དང་ སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཚོར་ཐུབ་པར་བྱེད་དགོས་པའི་མངགས་བཅོལ་གནང་བར་མ་ཟད། དགོན་སྡེའི་དགེ་འདུན་པ་ཚོས་ཁྲིམས་བཀུར་དང་ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་མངོན་སུམ་ཇེ་དྲག་ཏུ་བཏང་ནས། ཁྲིམས་ལྟར་མི་རིགས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ། དགོན་སྡེའི་འཆམ་མཐུན་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱས་ནས། ས་གཤིས་གནོད་འཚེའི་ཉེན་ཁར་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་བྱེད་པ་དང་། ས་གཤིས་གནོད་འཚེའི་ཉེན་མཚམས་གནད་འཁེལ་བཟོ་བ། འགལ་རྐྱེན་གཙང་བཤེར་དང་བཅོས་སྒྲིག་བྱ་རྒྱུར་ནུས་ཤུགས་ཡོད་རྒུ་འདོན་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་པའི་ཐད་ནས་མངགས་བཅོལ་ནན་མོ་བྱས།

ཞིང་ཆེན་གྱི་མགོ་ཁྲིད་ཚེ་རིང་ཐར་དང་ཀྲུའུ་ཞང་ཧྥུན་གཉིས་འབྲེལ་ཡོད་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།