ཟླ་བདུན་པའི་ཚེས་བཅུ་བདུན་གྱི་ཕྱི་དྲོར། ཟི་ལིང་གྲོང་ཁྱེར་དང་ཀྲུང་གོའི་ནུས་ཁུངས་ཁོར་སྲུང་སྡེ་ཚོགས་ཚད་ཡོད་ཀུང་ཟི་གཉིས་ཀྱིས་ཟི་ལིང་ནས་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད། འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་སྟེང་མིང་བཀོད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཀྲུང་གོའི་ནུས་ཁུངས་ཁོར་སྲུང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི། རྐང་གཉེར་དབུ་གཙོ་སུང་ཞིན་གྱིས་ཁེ་ལས་ཀྱི་གཞི་རྩའི་གནས་ཚུལ་དང་མཉམ་ལས་བསམ་ཚུལ་འཚམས་སྦྱོར་བྱས། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཧྲི་ཅན་ཕེན་གྱིས་ཟི་ལིང་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་ལས་འདོད་བློ་འཚམས་སྦྱོར་བྱས།
ཝང་ཝེ་ཏུང་གིས་ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་རྐང་གཉེར་དབུ་གཙོ་སུང་ཞིན་འཁོར་དང་བཅས་པ་ཟི་ལིང་དུ་ཡོང་ནས་ནུས་ཁུངས་ཁོར་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མཉམ་རྒྱལ་འཕེལ་རྒྱས་བྱེད་པར་ལྷག་བསམ་རྣམ་དག་གིས་དགའ་བསུ་དང་ཕྱོགས་གཉིས་ཀྱིས་རྒྱལ་ཁའི་ངང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཀོད་པར་རྟེན་འབྲེལ་ཞུས། ཁོས་བསྟན་དོན། ཉེ་བའི་ལོ་ཤས་རིང་ལ་ཟི་ལིང་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་བྱས་ནས་དུས་དང་རྣམ་པ་ཀུན་ཏུ“རྒྱལ་ཁབ་ཀྱི་དོན་ཆེན་གསུམ”བློ་ལ་བརྟན་པོར་བཅངས་ཏེ“ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་བབ་སྟངས་འཛིན་ནན་མོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་མདུན་གྲལ་དུ་བསྐྱོད་པ་དང་། མིག་དཔེ་སྟོན་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་གསོན་ཉམས་དོད་པའི་ལག་ལེན་ནང་ཧུར་ཐག་གིས་ཞུགས་ཏེ“སྐྱེ་གསུམ”མཉམ་བསྡུ་ཡི་མཛེས་སྡུག་གི་ཟི་ལིང་མཐུན་སྦྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ནུས་ཁུངས་ཁོར་སྲུང་སྡེ་ཚོགས་ནི་རང་རྒྱལ་གྱི་ནུས་ཁུངས་ཁོར་སྲུང་ཁྱབ་ཁོངས་སུ་གཞི་ཁྱོན་ཆེ་བ་དང་ཆེད་ལས་འཛོམས་པ། ལས་དོན་གྱི་ཁེབས་རྒྱ་ཆེ་བ། སྣ་འཛམས་ཀྱི་སྟོབས་ཤུགས་ཆེ་བའི་ཁེ་ལས་ཤིག་ཡིན་པས། འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ལས་རིགས་ཀྱི་ཆུ་ཚད། མདུན་བསྐྱོད་ཀྱི་ཁ་ཕྱོགས་བཅས་ཟི་ལིང་གྲོང་ཁྱེར་གྱི་འཕེལ་རྒྱས་དགོས་མཁོ་དང་ཧ་ཅང་འཚམས་པོ་ཡིན་པས། ཕྱོགས་གཉིས་ཀྱི་མཉམ་ལས་ལ་སྦས་ཤུགས་ཆེན་པོ་དང་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད་ཟེར།
སུང་ཞིན་གྱིས་ཟི་ལིང་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་དུས་ཡུན་རིང་བོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས། ཁོས་བསྟན་དོན། ཀྲུང་གོའི་ནུས་ཁུངས་ཁོར་སྲུང་སྡེ་ཚོགས་ཀྱིས་ནུས་ཁུངས་ཁོར་སྲུང་བདེ་འཇགས་ཐོན་ལས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ཟི་ལིང་གྲོང་ཁྱེར་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་གྲོང་ཁྱེར་བསྐྲུན་པ་དང་དེང་རབས་ཀྱི་མཛེས་སྡུག་བདེ་སྐྱིད་ལྡན་པའི་ཟི་ལིང་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།