ཚེས་བཅུ་བདུན་ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ2023ལོའི་ལོ་སྟོད་ཀྱི་ཆེ་མཐོང་དཔལ་འབྱོར་གནས་བབ་དབྱེ་ཞིབ་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་། ཁོང་གིས་དུས་རབས་གསར་པའི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ངང་འཕར་སྣོན་དང་ཇེ་ལེགས་སུ་འགྲོ་བའི་རྣམ་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་རྙོག་འཛིང་ཆེ་བའི་རྣམ་པར་ཁ་ལོ་སྒྱུར་བ། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་འཚབ་འཚུབ་མེད་པར་ཐག་གཅོད་བྱེད་པའི་ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་གྲོས་དང་མགོ་ཁྲིད་ཀྱི་སྒྱུ་རྩལ་བཅས་ཀྱི་ཁྲོད་ནས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་བསྒྲུབས་ཏེ། བསམ་བློ་དང་འགུལ་སྐྱོད་དེ་ཀྲུང་གུང་ཀྲུང་དབྱང་གི་དཔལ་འབྱོར་གནས་བབ་ཀྱི་དབྱེ་ཞིབ་བརྡར་གཅོད་དང་དཔལ་འབྱོར་བྱ་བའི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱས་ནས། ཡིད་ཆེས་དང་ཆོད་སེམས་སྔར་ལས་བརྟན་པོའི་སྒོ་ནས་དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
ཝང་ཧུའུ་ཉིང་གིས་བསྟན་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མིག་སྔའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ནི་དུས་རབས་གསར་པའི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པར་མཛུབ་སྟོན་བྱེད་པའི་རྩ་བའི་གཞི་འཛིན་ས་རེད། ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། དོན་འཁྱོལ་དང་ལག་ལེན་མཐར་ཕྱིན་བྱེད་པ་དམ་འཛིན་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་གནས་བབ་ལ་ཁྱོན་ཡོངས་དང་། རྩོད་སྒྲུབ་དང་། རྒྱང་རིང་ལ་དམིགས་པའི་ལྟ་སྟངས་ལེགས་པོ་འཛིན་དགོས་པ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་འགྲུབ་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་དཀྱིལ་སྙིང་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཤུགས་རྒྱག་ས་དམ་འཛིན་བྱས་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་ཆེད་ཐབས་ཇུས་དང་ནུས་ཤུགས་འདོན་དགོས་ཞེས་གསུངས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཆེད་མཁས་པ་ཉིང་ཅི་ཀྲེ་དང་། ལིན་དབྱི་ཧྥུའུ། དབྱི་ཀང་། ཁྲིན་སི་ཆིང་། པའེ་ཀྲུང་ཨིན། དབྱང་ཁྲིན་ཁྲང་། ཝང་ཁྲང་ལིན། ཞུའུ་ནན་ཕིང་། ཝུན་ཧྲུའུ་ཀང་། དབྱང་ཝེ་མིན་བཅས་ཀྱིས་གཏམ་བཤད་སྤེལ། ཚང་མས་བལྟས་ན། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱི་ཕྱོགས་ནས་འཕར་སྣོན་བྱུང་སྟེ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། ཚོང་རའི་དགོས་མཁོ་བརྟན་འཇགས་ངང་སླར་གསོ་བྱུང་ཡོད་ལ། ཐོན་སྐྱེད་དང་མཁོ་འདོན་རྒྱུན་མཐུད་ངང་འཕར་སྣོན་བྱུང་ཡོད། འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱས་ཏེ་བརྟན་འཇགས་ངང་འཕར་སྣོན་བྱེད་པ་དང་། དམངས་འཚོ་འགན་སྲུང་། ཉེན་ཁ་སྔོན་འགོག་བཅས་བྱས་ཏེ་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པར་འདོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥུང་གིས་ཚོགས་འདུར་མགོ་འཛིན་བྱས། རྒྱལ་ཁབ་བསྡོམས་རྩིས་ཅུའུ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་གཞིར་ཉན་པར་མ་ཟད་ཨུ་ཡོན་དག་དང་མཉམ་དུ་བརྗེ་རེས་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།