ཞི་ཅིན་ཕིང་གིས་ཨར་ཅི་རི་ཡའི་ཙུང་ཐུང་ཐི་པིན་ལ་གྲོས་མོལ་གནང་།
2023.07.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨར་ཅི་རི་ཡའི་ཙུང་ཐུང་ཐི་པིན་ལ་གྲོས་མོལ་གནང་།

ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་ཨར་ཅི་རི་ཡའི་བར་འབྲེལ་བ་བཙུགས་ནས་ལོ་རེ་ལྔ་འཁོར་བའི་ལོ་ཡིན། ལོ་རེ་ལྔའི་སྔོན་ལ། བཙན་རྒྱལ་རིང་ལུགས་དང་མི་སེར་སྤེལ་བའི་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། མི་རིགས་རང་བཙན་དང་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་ཐུན་མོང་གི་ལས་དོན་གྱིས་ང་ཚོ་རྒྱལ་ཁབ་གཉིས་ཀ་མཉམ་དུ་སྦྲེལ། ལོ་རེ་ལྔའི་རིང་ལ། ཀྲུང་གོ་དང་ཨར་ཅི་རི་ཡས་ཐོག་མཐའ་བར་གསུམ་དུ་དཀའ་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རེས་དང་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ནས། ཐུན་མོང་འཕེལ་རྒྱས་དང་མི་རིགས་དར་རྒྱས་གཏོང་བའི་བགྲོད་ལམ་སྟེང་དུ་བློས་ཐུབ་ཀྱི་གྲོགས་པོ་ལྟ་བུར་གྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཨར་ཅི་རི་ཡ་ཕྱོགས་ཀྱིས“ཨར་ཅི་རི་ཡ་གསར་པ”བསྐྲུན་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨར་ཅི་རི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། སྲོལ་རྒྱུན་གྱི་མཛའ་མཐུན་དར་སྤེལ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཨར་ཅི་རི་ཡས་ཐའེ་ཝན་དང་ཞིན་ཅང་། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་སྟོན་གྱི་སྒོ་ནས་ཀྲུང་གོ་ཕྱོགས་ཀྱི་དྲང་བདེན་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨར་ཅི་རི་ཡ་ཕྱོགས་ལ་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ལ། ཨར་ཅི་རི་ཡ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་སྐྱོད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཀྱི་མཉམ་ལས་ཡིག་ཆ་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། རྨང་གཞིའི་སྒྲིག་ཆས་དང་། རྡོ་སྣུམ་རྫས་འགྱུར་བཟོ་ལས། གཏེར་ཁ། ཞིང་ལས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། འཇིག་རྟེན་འཕུར་སྐྱོད་དང་ཉིང་རྡུལ་ནུས་པ། ཆ་འཕྲིན་འཕྲིན་གཏོང་། སླར་སྐྱེས་རུང་བའི་ནུས་ཁུངས་སོགས་ལག་རྩལ་མཐོ་བའི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས་ཞེས་ནན་གྱིས་གསུངས།

ཐི་པིན་གྱིས་ཀྲུང་གོ་ནི་ཨར་ཅི་རི་ཡའི་གྲོགས་པོ་དང་རོགས་པ་གལ་ཆེན་ཡིན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཨར་ཅི་རི་ཡ་ཕྱོགས་ལ་རྒྱབ་སྐྱོར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ཨར་ཅི་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཐའེ་ཝན་དང་ཞིན་ཅང་སོགས་ཁེ་ཕན་གཙོ་བོའི་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་བཅས་ལ་རྒྱབ་སྐྱོར་བྱེད་པ།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་འབད་པས་ཞུགས་པ། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་བསྟན།

གྲོས་མོལ་གནང་ཚར་རྗེས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཞིང་ལས་དང་འགྲིམ་འགྲུལ། ཚན་རྩལ། གློག་འཕྲིན། གྲོང་ཁྱེར་གྱི་རྒྱུན་མཐུད་འཕེལ་རྒྱས། ཉོ་ཚོང་། འཇིག་རྟེན་འཕུར་སྐྱོད། ཞིབ་བཤེར་དང་ནད་ཡམས་བརྟག་དཔྱད། ནུས་ཁུངས། སློབ་གསོ། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་གནང་།

ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨར་ཅི་རི་ཡ་དམངས་གཙོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ཞེས་པ་སྤེལ།

གྲོས་མོལ་མ་གནང་བའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཐི་པིན་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས།

ཉིན་དེའི་དགོང་མོར་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ་ཐི་པིན་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།

ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།