ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཟི་ལིང་ནས་པེ་ཅིང་གྲོང་ཁྱེར་ཉོ་ཚོང་སྐུལ་འདེད་ཚོགས་པའི་ཏང་ཙུའུ་ཧྲུའུ་ཅི། ཚོགས་གཙོ་གོ་ཧོའེ་ཀང་གིས་ཁྲིད་པའི་སྐད་གྲགས་ཅན་གྱི་རྒྱལ་ཁོངས་བརྒལ་བའི་ཁེ་ལས་ཀྱི་མཚོ་སྔོན་འགྲུལ་བཞུད་ཀྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱས།
ཁྲིན་ཀང་གིས་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་། མཚོ་སྔོན་གྱི་གཞི་རྩའི་གནས་ཚུལ་མདོར་བསྡུས་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། དེང་སྐབས་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་གཞིར་བཟུང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁྱད་པར་དུ་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་ནུས་གྲོན་ཉུང་འདོན་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། རྒྱལ་ཁོངས་བརྒལ་བའི་ཁེ་ལས་སོ་སོ་མཚོ་སྔོན་དུ་ཡོང་བ་དང་། རྒྱལ་སྤྱིའི་མིག་རྒྱང་དང་མཚོ་སྔོན་གྱི་ཐོན་ཁུངས་གསར་སྤེལ། ཁྱད་ལྡན་ཐོན་ལས་བཅས་ཟུང་འབྲེལ་བྱས་ཏེ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་བྱས་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས་པའི་རེ་བ་བཏོན།
གོ་ཧོའེ་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བརྩེ་བ་ཆེན་པོས་སྣེ་ལེན་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་གྱི་ནུས་ཁུངས་ཐོན་ཁུངས་ཁྱད་སྟོབས་མངོན་གསལ་ཡིན་པ་དང་། འཕེལ་རྒྱས་མདུན་ལྗོངས་ཧ་ཅང་རྒྱ་ཆེ། རྒྱལ་ཁོངས་བརྒལ་བའི་ཁེ་ལས་སོ་སོས་མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་། མཉམ་ལས་གོ་སྐབས་སྔོག་འདོན་བྱེད་པ། ཀྲུང་གོའི་ཚོང་ར་རྒྱ་བསྐྱེད་དེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱིས་ལྷད་མེད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། ཉོ་ཚོང་སྐུལ་འདེད་ཚོགས་པས་པེ་ཅིང་དང་མཚོ་སྔོན་གྱི་རོགས་སྐྱོར་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་སྒྲོམ་གཞིའི་གྲོས་མཐུན་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། འབྲེལ་ཟམ་སྦྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱལ་སྤྱིའི་ཉོ་ཚོང་འགྲོ་འོང་ལ་སྐུལ་འདེད་གཏོང་དགོས་ཟེར།
ཝེ་ལི་ཡཱ་སྡེ་ཚོགས་དང་ཨ་མེ་རི་ཁའི་ཏཱ་ཏུའུ་ཧའེ་སྡེ་ཚོགས། དབྱེ་ཐིན་ཀྲུང་ཚོང་དོན་ཀུང་ཟི། སེ་ནོའུ་ཧྥེ་སྡེ་ཚོགས། ཧོས་ཧྥུང་དངུལ་ཁང་། ཕུའུ་ཧྭ་ཡུང་ཏའོ། ཏི་དབྱེ་ཀྲི་དངུལ་ཁང་། པའོ་ཅེ་ཀུང་ཟི། འཇར་པན་གློག་ཆས། ཧྲི་ནེ་ཏི་སོགས་རྒྱལ་ཁོངས་བརྒལ་བའི་ཁེ་ལས་ཀྱི་འཐུས་མིས་སྔ་གཞུག་ཏུ་གཏམ་བཤད་སྤེལ་ཏེ། དག་གཙང་ནུས་ཁུངས་དང་ཉོ་ཚོང་དངུལ་ལོར། སྨན་བཅོས་བདེ་ཐང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཞུགས་འདོད་ཡོད་ཟེར།
ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ལིན་ཧུའུ་དང་ཝང་ཧེ་ཧུང་བྱ་འགུལ་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།