རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས་བཅོ་བརྒྱད་ཉིན་པེ་ཅིང་ནས་ཨ་མེ་རི་ཁའི་ཙུང་ཐུང་གི་ནམ་ཟླའི་གནད་དོན་གྱི་ཆེད་མངག་ཕོ་ཉ་ཁི་ལི་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་པེད་ཏིན་གྱིས་པཱ་ལི་གླིང་ཕྲན་ནས་མཇལ་འཕྲད་མཛད་ནས་ཐུན་མོང་ལྟ་ཚུལ་གལ་ཆེན་བྱུང་བ་དང་། དེས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོ་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་དོན་དངོས་འགུལ་སྐྱོད་ལས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྔ་མོ་ནས་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བའི་ལམ་དུ་ཞུགས་པར་སྐུལ་འདེད་གཏོང་དགོས། འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་རྒྱལ་ཁབ་སོ་སོས་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ནས་འདྲིལ་ཤུགས་ཆགས་པར་བྱེད་དགོས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་དང་དེའི་ཕཱ་རེ་སིའི་གྲོས་ཆོད་ལས་གཏན་འཁེལ་བྱས་པའི་དམིགས་འབེན་དང་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། མཐུན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་བརྩི་སྲུང་བྱས་ཏེ། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་སྔར་ལས་མང་བོ་འདོན་སྤྲོད་བྱེད་དགོས་ལ། ཀྲུང་གོ་དང་ཨ་མེ་རི་ཁས་མུ་མཐུད་དུ་མཉམ་ལས་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་ཕཱ་རེ་སིའི་གྲོས་ཆོད་ཕྱོགས་ཡོངས་ནས་ལག་བསྟར་གང་ལེགས་བྱེད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། ཁི་ལི་ཡིས་བསྟན་དོན། ཨ་མེ་རི་ཁ་དང་ཀྲུང་གོ་ནི་འཛམ་གླིང་སྟེང་གི་དཔལ་འབྱོར་ཚོགས་ཁག་ཆེན་པོ་གཉིས་དང་ཐཱན་ཕྱིར་གཏོང་གི་ཚད་ཆེ་བའི་རྒྱལ་ཁབ་གཉིས་ཡིན། ཨ་མེ་རི་ཁས་ཀྲུང་གོའི་བར་གྱི་འབྲེལ་བ་གཏན་འཇགས་ཡོང་བ་སྲུང་འཛིན་བྱེད་འདོད་ཡོད་པ་དང་། ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་ནམ་ཟླའི་འགྱུར་ལྡོག་སོགས་བྲེལ་མྱུར་བའི་ཆེ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།