ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ་དང་ཁྲིན་ཀང་གིས་འགོ་འཛིན་བྱས།
2023.07.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།   ད་ལོའི་ལོ་སྟོད་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་ཞིབ་འཇུག་བྱས་པར་མ་ཟད།   ལོ་སྨད་ཀྱི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་བསྟན་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ང་ཚོའི་ཏང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཆོས་ཉིད་ཀྱི་ངོས་ཟིན་དང་རྒྱུས་ལོན་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་དང་།    ཀྲུང་གོའི་ཁྱད་ཆོས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བཏོད་པ་མཚོན་ལ།   དེ་ནི་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་གཞི་རྩའི་བསྲུང་བྱ་ཡིན་པ་དང་།   མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཚན་རིག་གི་མཛུབ་ཁྲིད་དེ་བས་ཀྱང་ཡིན་པས།   ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་ཡང་དག་བྱས་ནས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་དང་ལག་ལེན་གྱི་བླང་བྱ་གལ་ཆེན།   འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དུ་བརྩི་བ་དང་།    རང་ཞིང་གི་བྱ་བའི་ལམ་ཐིག་རི་མོ་དང་བཟོ་སྐྲུན་རི་མོ་རུ་སྒྱུར་ནས་ཞིང་ཆེན་གོང་འོག་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་སྔར་ལས་སྐུལ་སློང་བྱེད་དགོས།     སྐྱོད་ལམ་གསར་པའི་སྟེང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཐག་གཅོད་དགོས་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ།   མཁྲེགས་གཏོར་གལ་ཆེན་དང་མཐུན་སྦྱོར་བཅོས་སྐྱོང་།   རང་བྱུང་སླར་གསོ་དང་མིས་བཟོས་སླར་གསོ།   ཕྱི་རོལ་ཚོད་འཛིན་དང་ནང་གནས་སྒུལ་ཤུགས།   ཐཱན་གཉིས་དམ་བཅའ་དང་རང་བདག་འགུལ་སྐྱོད་བཅས་འབྲེལ་བ་ཆེན་པོ་ལྔར་རྒྱུས་ལོན་ཡང་དག་བྱེད་པ་དང་།    མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིགས་གཏོང་བ་དང་བཀོད་སྒྲིག་བྱས་ཏེ་ཁུལ་ཁོངས་གཅིག་གི་ལས་དོན་ཡག་པོར་སྒྲུབ་ནས་སྤྱི་ཡོངས་ལ་བྱས་རྗེས་འཇོག་དགོས།   རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ།  རང་བྱུང་ཁམས་ལ་སྲུང་སྐྱོབ་བྱས་ནས་བཞུར་རྒྱུད་བཅོས་སྐྱོང་དང་རྩྭ་ར་སླར་གསོ།  གད་སྙིགས་ཐག་གཅོད།  བཙོག་ཆུ་ཐག་གཅོད་སོགས་དཀའ་གནད་ལ་ཞིབ་འཇུག་བྱས་ཏེ་ཐག་གཅོད་རྒྱུར་མཐོང་ཆེན་བྱེད་པ་དང་།    སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་བ་སོ་སོ་དམ་འཛིན་ནན་མོ་བྱས་ཏེ།    མཚོ་སྔོན་གྱི་ནམ་མཁའ་སྔོ་ཞིང་རི་བོ་ལྗང་བ།   ཆུ་མོ་དག་གཙང་བཅས་ཡོང་བར་བྱས་ནས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་།  མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བར་བྱས་རྗེས་ཆེན་པོ་འཇོག་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་།   དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་ལ་ཆབ་སྲིད་རང་བཞིན་དང་དམིགས་སའི་རང་བཞིན།   མཛུབ་སྟོན་རང་བཞིན་བཅས་དྲག་པོ་ལྡན་པ་དང་།    ང་ཚོས་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་བོ་བསྟན་ལ།  རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས།    མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་སྔར་ལས་འདོན་སྤེལ་བྱེད་པ་དང་།  གྲོན་ཟད་ཚོད་འཛིན་རིམ་བཞིན་ཐཱན་ཉུང་གཏོང་ཚོད་འཛིན་དུ་བསྒྱུར་བའི་བླང་བྱར་རྒྱུས་ལོན་ཟབ་མོ་བྱེད་པ།   སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཐཱན་གཉིས་དམིགས་འབེན་མངོན་འགྱུར་དང་རྒྱལ་ཁབ་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ་དང་།   རྒྱལ་ཡོངས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར།   དྲ་རྒྱ་དགོངས་པ་དྲིལ་སྒྲོག་བྱ་བའི་གཡུལ་ས་གལ་ཆེན་དང་མཚོ་སྔོན་གྱི་གསུང་སྙན་སྒྲོག་པའི་བྱེད་ཐབས་གལ་ཆེན།   འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་རྒྱལ་ཁ་ལེན་པའི་འཐབ་ར་གལ་ཆེན་དུ་བྱེད་པ།   སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་དང་མི་འདང་ས་ཁ་གསབ།   དཔུང་སྡེ་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས་དྲ་རྒྱའི་འདུ་ཤེས་འཛིན་སྟངས་བྱ་བའི་རང་འགུལ་དབང་ཆ་དམ་པོར་འཛིན་པར་འགན་སྲུང་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གྱི་གྲོས་བསྡུར་ཚོགས་འདུ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་གྲོས་བསྡུར་ཚོགས་འདུའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་།   ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་ཐིག་ལ་རྒྱུས་ལོན་ཡང་དག་བྱེད་པ།   མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ།   རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་མཚོ་སྔོན་གྱི་ལག་ལེན་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ་དུས་རབས་གསར་པའི་ཏང་གི་མི་རིགས་ཆོས་ལུགས་བྱ་བའི་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།   འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ་རྒྱུན་འཁྱོངས་བྱས་ཏེ་མི་རིགས་བྱ་བ་དང་ཆོས་ལུགས་བྱ་བའི་ཁྲོད་གནས་པའི་འབུར་ཐོན་གནད་དོན་ཞིབ་འཇུག་ཐག་གཅོད་ནན་མོ་བྱེད་པ་དང་།    བྱ་བའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས།

གྲོས་ཚོགས་ནས་བལྟས་ན།    ད་ལོའི་ཚུན་ལ།   ཕྱིའི་ཁོར་ཡུག་གི་སྣེ་མང་རྙོག་འཛིང་དང་རིམས་ནད་ཀྱི་ཤུགས་རྐྱེན་ད་རུང་ཡོངས་སུ་ཡལ་མེད་པ།   ཁྲོམ་རའི་སྔོན་དཔག་སྔར་བཞིན་ཅུང་གཟབ་ནན་ཡིན་པའི་གནས་ཚུལ་འོག་ཏུ།    ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ནན་མོར་སྤེལ་བཞིན་ཡོད་ལ།   བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་དང་།   ཆ་ཚང་ཞིང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱས་ཤིང་།   སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་འཇགས་དང་བརྟན་འཇགས་ཁྲོད་བཟང་ཕྱོགས་སུ་འཕེལ་བ།   ཕྱོགས་ཡོངས་ནས་སླར་གསོའི་རྣམ་པར་མངོན་པ་དེ་ནི་ལས་སླ་མོ་ཞིག་མིན་པར་འདོད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།    དཔལ་འབྱོར་འཁོར་སྐྱོད་སླར་གསོ་བཟང་ཕྱོགས་སུ་འཕེལ་བའི་གནས་བབ་ད་རུང་ཧ་ཅང་བརྟན་པོ་མིན་པ་དང་།   དཔལ་འབྱོར་འཕར་སྣོན་ཐད་ད་རུང་གནོན་ཤུགས་ཆེན་པོ་དང་འགྲན་རྩོད་མང་པོ་ཡོད་པ་གསར་བོར་ཤེས་དགོས།   གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས།  མཇུག་འབྲས་ཁྲིད་ཕྱོགས་བཅས་ཇེ་དྲག་ཏུ་གཏོང་བ་དང་།   འཕར་སྣོན་བརྟག་འཇགས་དང་ལས་ཞུགས་བརྟན་འཇགས།   དངོས་གོང་བརྟན་འཇགས་བཅས་རྒྱུན་འཁྱོངས་བྱེད་པ།   འཁོར་སྐྱོད་བཀོད་གཏོང་ལ་ཤུགས་བསྣན་ནས་དཔལ་འབྱོར་ལུགས་མཐུན་གྱི་ཁྱབ་ཁོངས་སུ་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་དག་ཐེར་བཅོས་སྐྱོང་བྱས་ཏེ་བྱ་བའི་བྱེད་ནུས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ།   བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱས་ཏེ་གཞི་རིམ་དུ་ཟབ་ཞུགས་བྱས་ནས་དཀའ་གནད་ཐག་གཅོད་པ་བཅས་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་རྒྱུན་ཆད་མེད་པར་བཟང་ཕྱོགས་སུ་འཕེལ་བ་མངོན་འགྱུར་བྱེད་དགོས།   དུས་ཚིགས་བཟང་བོ་དམ་འཛིན་བྱས་ཏེ་ལས་གཞི་གལ་ཆེན་དང་ལས་གཞི་བཟང་བོ་སྐོར་ཞིག་ལག་བསྟར་དང་སྐུལ་འདེད།   འཆར་འགོད་བཅས་བྱེད་པ་དང་།   དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་མི་འདང་ས་ཁ་གསབ་དང་ཉམས་ཞན་སར་ཤུགས་བསྣན་ནས་ད་ལོའི་ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་སྟོབས་ཤུགས་ཡོད་རྒུས་བཟང་བོར་སྒྲུབ་སྟེ་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་དགོས།

གྲོས་ཚོགས་སྟེང་ད་རུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།

                                                                                                 ལྷ་མོ་ཚེ་རིང་གིས་བསྒྱུར།