རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་སྟེ་ནན་གྱིས་བསྟན་དོན། མ་འོངས་པའི་ལོ་ལྔ་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་ཞིག་ཡིན་པས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རི་སྔོ་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུ་དེ་རྒྱལ་ཁབ་སྟོབས་ལྡན་དང་མི་རིགས་བསྐྱར་དར་གྱི་མངོན་གསལ་དོད་པའི་གནས་བབ་སྟེང་བཞག་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་པ་མངོན་གསལ་ཡིན་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་སྔར་ལས་མངོན་གསལ་ཐོབ་པ། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་གང་ལེགས་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས།
ལིས་ཆང་གིས་ཚོགས་འདུར་མགོ་འཛིན་གནང་། ཀྲའོ་ལི་ཅི་དང་ཝང་ཧུའུ་ཉིང་། ཚའེ་ཆི། ལིས་ཞི་བཅས་ཚོགས་འདུར་ཞུགས། ཏིན་ཞུའེ་ཞང་གིས་སྤྱི་སྡོམ་གསུང་བཤད་གནང་།
ཞི་ཅིན་ཕིང་གིས་གསུང་བཤད་ཁྲོད་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ང་ཚོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་ལ་བརྩིས་ནས། གསར་གཏོད་རང་བཞིན་གྱི་ལས་དོན་རབ་དང་རིམ་པ་སྤེལ་ཏེ། ཆོད་སེམས་བརྟན་པོ་དང་སྟོབས་ཤུགས་ཆེ་བ། ཕན་འབྲས་ཆེ་བ་བཅས་སྔར་བྱུང་མྱོང་མེད་པ་ཞིག་བཀོལ་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་གཞུང་ལུགས་ནས་ལག་ལེན་བར་དུ། ལོ་རྒྱུས་རང་བཞིན་དང་དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་སྒོ་ནས་འགྱུར་ལྡོག་བྱུང་དུ་བཅུག་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་གལ་ཆེན་སྤོས་ཡོད། ང་ཚོས་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱ་རྒྱུ་ནས་མགོ་བརྩམས་ཏེ། གནད་ཁྱོན་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས་བྱ་རྒྱུར་མཐོམ་ཆེན་བྱས་ནས། གཙོ་གནད་བཅོས་སྒྲིག་ནས་མ་ལག་བཅོས་སྐྱོང་བྱེད་པའི་བར་འགྱུར་ལྡོག་གལ་ཆེན་ཡོང་བར་བྱས་པ་དང་། འདུ་ཤེས་སྒྱུར་བ་དང་འགན་འཁྲི་ཏན་ཏིག་འཁུར་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། གཞན་དབང་ལ་ཁ་གཏད་འཇལ་བ་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་བའི་བར་འགྱུར་ལྡོག་གལ་ཆེན་ཡོང་བར་བྱས་པ་དང་། དུས་རབས་ཀྱི་རྗེས་སུ་བསྙེགས་ནས་འཛམ་གླིང་ལ་རྒྱང་ལྟ་བྱས་ཏེ། རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་ནས། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ཁྲོད་ཞུགས་མཁན་ནས་ཁྲིད་སྟོན་བྱེད་མཁན་བར་འགྱུར་ལྡོག་ཆེན་པོ་ཡོང་བར་བྱས་པ་ལས་གཞན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་དགོངས་པ་རིམ་པར་ཆགས་པ་དང་། ལག་ལེན་འཚོལ་ཞིབ་ནས་ཚན་རིག་དང་མཐུན་པའི་ གཞུང་ལུགས་ཀྱིས་མཛུབ་སྟོན་བྱེད་པའི་འཕོ་འགྱུར་གལ་ཆེན་མངོན་འགྱུར་བྱས། ཞུམ་མེད་འབད་བརྩོན་བྱས་པ་བརྒྱུད། གཞི་ནས་རང་རྒྱལ་གྱི་ནམ་མཁའ་སྔར་ལས་སྔོ་བ་དང་ས་གཞི་སྔར་ལས་ལྗང་མདོག་དང་ལྡན་པ། ཆུ་ཀླུང་སྔར་ལས་་དྭངས་གཙང་བཅས་བྱུང་ནས། ལེ་དབར་ཁྲི་ཡི་རི་ཀླུང་སྔར་ལས་སྣ་མང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་ཀྱིན་ཡོད་ཅིང་། གྲུབ་འབྲས་དེ་ནི་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་མཚོན་རྟགས་མངོན་གསལ་ཞིག་ཏུ་གྱུར་ཡོད་ཅེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་ཆའི་རང་བཞིན་དང་འབྱུང་རྩ་རང་བཞིན། འཕེལ་ཕྱོགས་རང་བཞིན་བཅས་ཀྱི་གནོན་ཤུགས་ད་དུང་རྩ་བའི་ཆ་ནས་ཞི་ལྷོད་དུ་ཕྱིན་མེད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་སྔར་ལས་ཇེ་མགྱོགས་སུ་གཏོང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཡོད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་སྔར་བཞིན་གནོན་ཤུགས་གཅིག་མཚུངས་དང་ལྗིད་འཁུར་མདུན་སྐྱོད་ཀྱི་གནད་འགག་དུས་མཚམས་སུ་སླེབས་ཡོད་པས། ངེས་པར་དུ་སྔར་ལས་མཐོ་ས་ནས་ལངས་པ་དང་མིག་རྒྱང་སྔར་ལས་ཡངས་པ། ནུས་ཤུགས་སྔར་ལས་ཆེ་བ་བཅས་ཀྱི་སྒོ་ནས་སྐྱོད་ལམ་གསར་པའི་སྟེང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ལོ་བཅུའི་ལག་ལེན་གྱི་ཉམས་མྱོང་ལ་སྤྱི་སྡོམ་བྱེད་པ་དང་། མིག་སྔར་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ་གང་ལེགས་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་བྱེད་པར། ཅིས་ཀྱང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བཟུང་ནས། འབྲེལ་བ་གལ་ཆེན་འགའ་ཐག་གཅོད་ཡང་དག་བྱེད་དགོས། གཅིག་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་བར་གྱི་འབྲེལ་བ་ཡིན་ཞིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་ལ་ཇུས་འགོད་བྱེད་པ་དང་། ཆུ་ཚད་མཐོ་བའི་ཁོར་ཡུག་སྲུང་སྐྱོབ་བྱས་པ་བརྒྱུད། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་ནས། ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་གི་དཔལ་འབྱོར་མ་ལག་བསྐྲུན་ནས། འཕེལ་རྒྱས་ཀྱི་ཐོན་ཁུངས་ཁོར་ཡུག་གི་རིན་དོད་ནུས་ལྡན་ངང་ཇེ་དམའ་རུ་བཏང་སྟེ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་གཏིང་ཤུགས་རྒྱུན་སྲིང་ངང་ཆེ་རུ་གཏོང་དགོས། གཉིས་ནི་གཙོ་གནད་མཁྲེགས་གཏོར་དང་མཐུན་སྦྱོར་བཅོས་སྐྱོང་གི་འབྲེལ་བ་ཡིན་པས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོར་དམ་འཛིན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་གནད་དོན་འབུར་ཐོན་ཅན་ལ་བྱེད་ཐབས་ནུས་ལྡན་སྤྱོད་དགོས། དུས་མཚུངས་སུ་དམིགས་འབེན་མཐུན་སྦྱོར་དང་། འབག་བཙོག་དངོས་པོ་མང་པོར་ཚོད་འཛིན་དང་མཐུན་སྦྱོར་བྱེད་པ། སྡེ་ཁག་མཉམ་རོགས་དང་ས་ཁོངས་མཉམ་རོགས། སྲིད་ཇུས་མཐུན་སྦྱོར་བཅས་ཀྱི་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། ལས་དོན་ཁག་གི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གསུམ་ནི་རང་བྱུང་སླར་གསོ་དང་མིའི་ཐབས་ཀྱི་ཉམས་གསོའི་འབྲེལ་བ་ཡིན་པས། རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ་ཐང་། བྱེ་ཐང་བཅས་ཀྱི་གཞི་གཅིག་ཅན་ལ་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རི་རྩེ་ནས་རྒྱ་མཚོའི་བར་གྱི་སྲུང་སྐྱོབ་བཅོས་སྐྱོང་གི་རྣམ་པ་ཆེན་པོ་ཞིག་བསྐྲུན་དགོས་ལ། རང་བྱུང་སླར་གསོ་དང་མིའི་ཐབས་ཀྱི་ཉམས་གསོའི་བྱེད་ཐབས་རིགས་གཉིས་ཕྱོགས་བསྡུས་སྒོས་སྤྱོད་པ། ས་བབ་དང་གནས་བབ་ལ་བསྟུན་ནས་ཁུལ་བགོས་རིགས་དབྱེ་དང་སྲིད་ཇུས་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཉམས་གསོའི་ཐག་གཅོད་ཇུས་གཞི་ལེགས་ཤོས་འབད་བརྩོན་ཆེན་པོས་རྙེད་པར་བྱེད་དགོས། བཞི་ནི་ཕྱི་རོལ་གྱི་འགོག་རྐྱེན་དང་ནང་ངོས་ཀྱི་སྒུལ་ཤུགས་བར་གྱི་འབྲེལ་བ་ཡིན་ཞིང་། ལམ་ལུགས་དང་ཁྲིམས་སྐྱོང་ནན་མོའི་སྟེང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་ཕྱི་རོལ་གྱི་གནོན་ཤུགས་ཐེག་པར་བྱེད་དགོས་པའི་དུས་མཚུངས་སུ། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ནང་གནས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་དགོས། ལྔ་ནི་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་གྱི་ཁས་ལེན་དང་རང་བརྟེན་བྱ་སྤྱོད་ཀྱི་འབྲེལ་བ་ཡིན་ཞིང་། ང་ཚོས་ཁས་ལེན་བྱས་པའི“ཐཱན་གཉིས”ཀྱི་དམིགས་ཚད་ནི་གཏན་འཁེལ་འགྱུར་མེད་ཅིག་ཡིན་ནའང་། ་དམིགས་འབེན་དེ་འགྲུབ་པའི་ཐབས་ལམ་དང་བྱེད་སྟངས། འགྲོས་སྟངས། ཤུགས་ཚད་བཅས་ནི་ང་ཚོ་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་ལ། ངེས་པར་དུ་ཐག་གཅོད་བྱེད་དགོས་པ་ཞིག་ཀྱང་ཡིན་པས། མི་གཞན་གྱི་ཁ་ལ་གཏན་ནས་ཉན་མི་རུང་ཞེས་གསུངས།
ཞི་ཅིན་ཕིང་གིས་འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་མུ་མཐུད་གཏིང་ཟབ་དུ་སྤེལ་ནས། གནད་འཁེལ་འབག་བཙོག་འགོག་བཅོས་དང་། ཚན་རིག་དང་མཐུན་པའི་འབག་བཙོག་འགོག་བཅོས། ཁྲིམས་ལྟར་འབག་བཙོག་འགོག་བཅོས་བཅས་རྒྱུན་འཁྱོངས་བྱེད་རྒྱུ་དང་། དེའི་ཤུགས་ཚད་རྒྱུན་འཁྱོངས་དང་སྔར་ལས་གཏིང་ཇེ་ཟབ་ཏུ་གཏོང་བ། རྒྱ་ཆེ་རུ་གཏོང་བཅས་བྱས་ནས། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ཆེན་པོ་གསུམ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་དགོས། འཕེལ་རྒྱས་གཏོང་སྟངས་སྟེ་ལྗང་མདོག་ཐཱན་ཉུང་གི་ཚུལ་སྒྱུར་ལ་སྐུལ་འདེད་གང་མགྱོགས་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་གཏོང་རྒྱུ་དེ་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་ཐབས་ཇུས་སུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལྗང་མདོག་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གང་མགྱོགས་ངང་གྲུབ་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་གཞི་ཐིག་བརྟན་པོ་ཡོང་བར་བྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་འགན་ལེན་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་དགོས། ཁྱབ་ཁོངས་སོ་སོའི་ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྡུད་བྱས་ནས། ཁྲིམས་སྐྱོང་དང་ཁྲོམ་ར། ཚན་རྩལ། སྲིད་ཇུས་བཅས་ཀྱི་མཉམ་སྡེབ་ལས་དོན་ཡག་པོ་སྒྲུབ་དགོས། ཁྲིམས་སྐྱོང་གི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་དང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་ལ་གཅིག་གྱུར་གྱིས་བཟོ་བཅོས་རྒྱག་རྒྱུར་སྐུལ་འདེད་གཏོང་བ། ས་སྟེང་ས་འོག་དང་སྐམ་མཚོ་ལ་གཅིག་གྱུར་སྒོས་འཆར་འགོད་དང་ས་ཁོངས་མཉམ་འགུལ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལམ་ལུགས་ནན་མོ་ལག་བསྟར་བྱེད་པ། བཙོག་འབུད་ཆོག་མཆན་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་སྤྱོད་ཡུལ་གྱི་རྩིས་སྤྲོད་དོ་དམ་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཏང་གི་ཁྱོན་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས། ཉེ་ལམ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་གནང་ཡོད་ཅིང་། ས་གནས་དང་སྡེ་ཁག་སོ་སོས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་ནན་གྱིས་གསུངས།
ལིས་ཆང་གིས་ཚོགས་འདུར་མགོ་འཛིན་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཁྲོད་དུ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཆེན་པོ་བླངས་པ་དང་། ལྷག་པར་དུ་ལོ་རྒྱུས་རང་བཞིན་དང་དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་ལ་ཁྱོན་ཡོངས་ནས་སྤྱི་སྡོམ་གནང་བ་དང་། མིག་སྔའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་གཏིང་ཟབ་གནང་བ། སྐྱོད་ལམ་གསར་པའི་སྟེང་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཐག་གཅོད་ཡག་པོ་བྱེད་པའི་འབྲེལ་བ་གལ་ཆེན་ལ་རྒྱས་བཤད་གཏིང་ཟབ་གནང་ཡོད་པར་མ་ཟད། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན་ལ་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྔར་ལས་ཤུགས་སྣོན་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་ཀྱི་ཁྲིད་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་གསུངས།
ཏིན་ཞུའེ་ཞང་གིས་སྤྱི་སྡོམ་གསུང་བཤད་གནང་སྐབས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ། སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས་ཞེས་གསུངས།
སྐྱེ་ཁམས་ཁོར་ཡུག་པུའུ་དང་རང་བྱུང་ཐོན་ཁུངས་པུའུ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། ནང་སོག་རང་སྐྱོང་ལྗོངས། ཀྲི་ཅང་ཞིང་ཆེན། ཧུའུ་པེ་ཞིང་ཆེན། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་བཅས་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།