ཞི་ཅིན་ཕིང་དང་ལིས་ཆང་གིས་སོ་སོར་ཁམ་ཕུ་ཁྲེ་ཡི་རྒྱལ་པོ་དང་དབུ་བཞུགས་བློན་ཆེན་ལ་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་རེ་ལྔ་འཁོར་བར་རྟེན་འབྲེལ་ཞུས།
2023.07.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ་བདུན་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་བར་འབྲེལ་བ་བཙུགས་ཏེ་ལོ་རེ་ལྔ་འཁོར་བའི་ཐད་ནས། ཁམ་ཕུ་ཁྲེ་ཡི་རྒྱལ་པོ་ཞི་ཧ་མོ་ཉིས་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་བར་བྲེལ་བ་བཙུགས་ནས་ལོ་རེ་ལྔ་འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀའི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་སྣ་མང་ཐེག་ཐུབ་པ་བྱུང་ནས། རྒྱལ་ཁབ་གཉིས་བར་ལོ་རྒྱུས་ཡུན་རིང་ལྡན། ད་ལོའི་ལོ་མགོར་ང་ཚོས་པེ་ཅིང་དུ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། ཕན་ཚུན་བར་གློག་འཕྲིན་ཐེངས་མང་བཏང་སྟེ། མཉམ་དུ་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དེ་སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བ། ཚད་གཞི་མཐོ་བ་བཅས་ཀྱི་དུས་རབས་གསར་པར་སླེབས་རྒྱུར་སྣེ་ཁྲིད་གང་ལེགས་བྱས་ཡོད། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི“རྡོ་རྗེ་ཕ་ལམ་གྱི་མཐའ་དྲུག”གི་མཉམ་ལས་སྒྲོམ་གཞི་ཟམ་མི་ཆད་པར་གཏིང་ཟབ་དུ་སྤེལ་བ་དང་།“བཟོ་ལས་འཕེལ་རྒྱས་ཀྱི་བར་ཁྱམས”དང“འབྲས་དང་ཉ་ཡི་བར་ཁྱམས”འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་བར་མ་ཟད། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་བར་འབྲེལ་བ་བཙུགས་ནས་ལོ་རེ་ལྔ་འཁོར་བ་དང་། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་མཛའ་མཐུན་ལོའི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་གཉེར་ནས་དེ་བསྟུན་གྱི་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ངས་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། རྒྱལ་པོ་ཞི་ཧ་མོ་ཉི་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་མཛའ་མཐུན་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་དངོས་ཐོབ་པར་བྱེད་འདོད་ཡོད་ཅེས་གསུངས།

ཞི་ཧ་མོ་ཉིས་ཀྱིས་རྒྱལ་ཁབ་གཉིས་བར་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ལྡན། རྒྱལ་ཁབ་གཉིས་ཀས་ཚད་མཐོའི་ཡིད་ཆེས་དང་གཉིས་ཕན་མཉམ་ལས་ཀྱི་རྨང་གཞིའི་སྟེང་དུ། ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་བཙུགས་ནས། ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་ཏེ། བློས་ཐུབ་ཀྱི་གྲོགས་པོའི་འབྲེལ་བ་གྲུབ་ཡོད། གནས་བབ་གསར་པའི་འོག་ཏུ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་དང་གཉིས་ཕན་མཉམ་ལས་རྒྱུན་མཐུད་ངང་སྲ་བརྟན་དུ་འགྲོ་རྒྱུར་ཡིད་ཆེས་བརྟན་པོ་ཡོད་ལ། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་འབྲེལ་བ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པར་ཡིད་ཆེས་ཡོད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། ས་ཁུལ་ཙམ་མ་ཟད། ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་ཧུང་སུན་གྱིས་ཕན་ཚུན་བར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།  ལིས་ཆང་གིས་ད་ལོ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་བར་འབྲེལ་བ་བཙུགས་ནས་ལོ་རེ་ལྔ་འཁོར་བ་དང་། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་མཛའ་མཐུན་ལོའང་ཡིན་ལ། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་འབྲེལ་བ་དེ་མགོ་རྩོམ་ས་གསར་པའི་སྟེང་གནས་ཡོད། ངས་དབུ་བཞུགས་བློན་ཆེན་ཧུང་སུན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་སྡེ་ཁག་དང་ས་གནས་སོ་སོས་མཉམ་ལས་བྱ་རྒྱུར་མཛུབ་སྟོན་བྱས་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་ལ་དངོས་སྒྲུབ་ཀྱི་གྲུབ་འབྲས་སྔར་ལས་གང་མང་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཧུང་སུན་གྱིས་ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་རྒྱུ་དང་། ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་སོགས་ཀྱི་གྲོས་འགོ་གལ་ཆེན་ལ་རྒྱབ་སྐྱོར་གང་ལེགས་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་སྔར་ལས་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།