ལིས་ཆང་གིས་ཨར་ཅི་རི་ཡའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.07.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 56

ཟླ་བདུན་པའི་ཚེས་བཅུ་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨར་ཅི་རི་ཡའི་ཙུང་ཐུང་ཐི་པིན་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་རྒྱལ་ཁབ་གཉིས་ནི་ཕན་ཚུན་ཡིད་ཆེས་ཆེན་པོ་བྱེད་མཁན་གྱི་གྲོགས་པོ་བཟང་བོ་དང་། ལྷག་བསམ་རྣམ་དག་ངང་མཉམ་ལས་བྱེད་མཁན་གྱི་རོགས་པ་བཟང་བོ། སྐྱིད་སྡུག་མཉམ་མྱོང་བྱེད་མཁན་གྱི་སྤུན་ཟླ་བཟང་བོ་བཅས་ཡིན། ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་གནང་ནས། མཉམ་དུ་་དུས་རིམ་རྗེས་མའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་དུ་སྤེལ་བར་འཆར་གཞི་བཀོད། ཀྲུང་གོ་ཕྱོགས་ཀྱིས་ཨར་ཅི་རི་ཡ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོབ་བྱ་རྒྱུར་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཨར་ཅི་རི་ཡ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་ཏན་ཏིག་དང་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་རྒྱ་སྐྱེད་བཏང་ནས། མི་ཆོས་རིག་གནས་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་ལེགས་བསྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨར་ཅི་རི་ཡ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ནས། ཀྲུང་གོ་དང་ཨར་ཅི་ཡི་ར་དང་དེ་བཞིན་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་གསུངས།

ཐི་པིན་གྱིས་ཀྲུང་གོ་ནི་ཨར་ཅི་རི་ཡའི་གྲོགས་པོ་བཟང་བོ་ཡིན་པས། ཕྱོགས་གཉིས་ཀའི་མཉམ་ལས་ཐད་ཚད་བཀག་གང་ཡང་མེད། ཨར་ཅི་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་གང་ལེགས་བྱས་ནས། ཀྲུང་གོའི་བར་གྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་བར་མདུན་ལམ་གསར་པ་བསྐྲུན་འདོད་ཡོད་ཅེས་བསྟན།

ཝུའུ་ཀྲིན་ལུང་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།