ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ལྡན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།
2023.07.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་དང་སྟོབས་ལྡན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

བསམ་འཆར་ལས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་བཅོས་སྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་དང་། གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས་རྒྱུན་འཁྱོངས་བྱས་ཏེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་ཤུགས་ཇེ་མགྱོགས་སུ་གཏོང་དགོས་ལ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། དམངས་གཉེར་ཁེ་ལས་ཀྱི་ཐོན་དབང་དང་ཁེ་ལས་པའི་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱས་ཏེ། ཆབ་སྲིད་དང་ཚོང་ལས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་བཙུགས་ཏེ། དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་གྱིས་ཁྲིམས་ལྟར་འདྲ་མཉམ་ངང་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་བེད་སྤྱོད་གང་ལེགས་བྱེད་པ་དང་། ཚོང་རའི་འགྲན་རྩོད་ཁྲོད་དྲང་གཞག་ངང་ཞུགས་པ། བཅའ་ཁྲིམས་ཀྱི་སྲུང་སྐྱོབ་འདྲ་མཉམ་ངང་ཐོབ་པར་བྱེད་དགོས། དམངས་གཉེར་ཁེ་ལས་ཀྱིས་རང་ངོས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་། སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་། ཚུལ་སྒྱུར་རིམ་སྤོར་བཅས་བྱས་པ་བརྒྱུད། འཕེལ་རྒྱས་ཀྱི་སྤུས་ཚད་མུ་མཐུད་མཐོ་རུ་བཏང་སྟེ། དམངས་གཉེར་དཔལ་འབྱོར་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏོང་དགོས།

བསམ་འཆར་ལས་ཕྱོགས་བདུན་གྱི་ཐད་ནས་བླང་བྱ་བཏོན་ཡོད་ཅིང་།  གཅིག་ནི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་དགོས། གཉིས་ནས་དམངས་གཉེར་དཔལ་འབྱོར་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་དགོས། བཞི་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ལྔ་ནས་དམངས་གཉེར་དཔལ་འབྱོར་གྱི་མི་སྣ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས། དྲུག་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ལྡན་དུ་གཏོང་བའི་སྤྱི་ཚོགས་ཀྱི་རྣམ་པ་རྒྱུན་མཐུད་ངང་བསྐྲུན་དགོས། བདུན་ནས་རྩ་འཛུགས་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཡིན།

བན་དེ་སྐྱབས་ཀྱིས་བསྒྱུར།