ཀྲའོ་ལི་ཅི་ཡིས་སོ་སོར་ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཨར་ཅི་རི་ཡའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.07.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བདུན་པའི་ཚེས་བཅུ་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་སོ་སོར། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏུའུ་ཝུན་ཀྲན་དང་ཨར་ཅི་རི་ཡའི་ཙུང་ཐུང་ཐི་པིན་ལ་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་ཏུའུ་ཝུན་ཀྲན་ལ་མཇལ་འཕྲད་གནང་སྐབས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གི་འཐབ་ཇུས་སྣེ་སྟོན་འོག་ཏུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀའི་མཐོ་རིམ་བར་བརྗེ་རེས་ཡང་ཡང་བྱས་པ་དང་། སྡེ་ཁག་དང་ས་གནས་སོ་སོའི་བར་འགྲོ་འོང་དམ་ཟབ་བྱུང་ཡོད་པས། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་འཕེལ་རྒྱས་གསར་པ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་པ་དང་། གཉིས་ཕན་མཉམ་ལས་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་བ། དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རང་སོ་སོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་ལག་གདང་སྦྲེལ་ནས་ཡག་པོ་སྐྱོད་འདོད་ཡོད་ཅེས་གསུངས།

ཏུའུ་ཝུན་ཀྲན་གྱིས་ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གཉིས་ཕན་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། ཡོ་ནན་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཀྲའོ་ལི་ཅི་ཡིས་ཐི་པིན་ལ་མཇལ་འཕྲད་གནང་སྐབས།   ཀྲུང་གོ་དང་ཨར་ཅི་རི་ཡའི་འབྲེལ་བར་སྲོལ་རྒྱུན་བཟང་བོ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་ཡོད་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་བློ་གཏད་ཆོག་པ་ཞིག་ཡིན། ཀྲུང་གོས་ཨར་ཅི་རི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་མཉམ་དུ་བསྐྲུན་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཐི་པིན་གྱིས་རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཅིང་། དེ་ནི་གཅིག་རམ་གཅིག་འདེགས་བྱེད་པའི་འཐབ་གྲོགས་ལྟ་བུའང་ཡིན། ཨར་ཅི་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་མི་དམངས་ཀྱིས་ཡུན་རིང་འབད་འཐབ་བྱས་པ་བརྒྱུད་གཞི་ནས་གྲུབ་འབྲས་ཆེན་པོ་ཐོབ་པར་ཡིད་སྨོན་བྱེད་ཀྱིན་ཡོད། ཀྲུང་གོའི་ཉམས་མྱོང་ལ་སློབ་སྦྱོང་དང་དེ་དཔྱད་གཞིར་འཛིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་འདོད་ཡོད་ཅེས་བསྟན།

ཞའོ་ཅེ་གོང་གསལ་གྱི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།