ཟླ་བདུན་པའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ། ཨ་མེ་རི་ཁའི་ཙུང་ཐུང་གི་གནམ་གཤིས་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཁི་ལིས་ལ་མཇལ་འཕྲད་གནང་།
ཧན་ཀྲིན་གྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་རྒྱུ་ནི། ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་ལས་ཀྱི་ཕྱོགས་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་པ་ལིས་གླིང་ཕྲན་དུ་མཇལ་འཕྲད་གནང་སྐབས་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་ཕན་ཚུན་བརྩི་འཇོག་དང་འཆམ་མཐུན་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་གསུམ་ལ་བརྩི་སྲུང་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། གནམ་གཤིས་འགྱུར་ལྡོག་ནི་མིའི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད། ཀྲུང་གོ་ནི་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་གནས་བླང་བྱ་ལྟར་དུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གང་ལེགས་འཇལ་བཞིན་ཡོད། ཨ་མེ་རི་ཁ་ཕྱོགས་དང་ཕན་ཚུན་གྱི་དོ་ཁུར་བྱེད་ཡུལ་གལ་ཆེན་ལ་བརྩི་འཇོག་དང་འབྲེལ་གཏུག་བརྗེ་རེས་གང་ལེགས་བྱེད་པའི་རྨང་གཞིའི་སྟེང་དུ། སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་ཞིབ་བྱས་ནས། 《པ་ལིས་གྲོས་མཐུན》དོན་འཁྱོལ་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་ཆེད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་གསུངས།
ཁི་ལིས་ཀྱིས་ཨ་མེ་རི་ཁ་དང་ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་ཆེན་པོ་གཉིས་ཡིན་པས། གནམ་གཤིས་འགྱུར་ལྡོག་གི་མཉམ་ལས་ཐད་འབད་བརྩོན་ཆེན་པོ་བྱས་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཆུ་ཚད་མཐོ་བའི་མཉམ་ལས་བྱས་ཏེ། ཏིས་པའེ་ཡི་གནམ་གཤིས་ཚོགས་ཆེན་ལ་གྲུབ་འབྲས་ཆེན་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།