ཟླ་བདུན་པའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། རྒྱལ་དབང་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཚོགས་འདུ་ཟི་ལིང་དུ་འཚོགས། ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་ དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པའི་ཚུན་གྱི། རྒྱལ་དབང་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་ལ་ཁྱོན་ཡོངས་ནས་ཕྱིར་བལྟས་དང་སྤྱི་སྡོམ་བྱས་ཏེ། དུས་རིམ་རྗེས་མའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་རིན་ཀྲང་ཡུས་ཀྲའོ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་ཚོགས་འདུར་ཞུགས་ནས་གཏམ་བཤད། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཨུ་ཡོན། ཀྲུའུ་རིན་གཞོན་པ་ཐན་ཙའོ་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས།
ཀྲང་ཡུས་ཀྲའོ་ཡིས་ཐོག་མར་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་བོར་རྒྱལ་དབང་རྒྱུ་ནོར་དང་ཀྲུང་དབྱང་ཁེ་ལས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་སྙིང་ཁོང་ནས་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་དང་མཚོ་སྔོན་སྐྲུན་པའི་ལས་དོན་ཁྲོད་ལེགས་སྐྱེས་མངོན་གསལ་ཅན་འཇོག་མཁན་གྱི་ཀྲུང་དབྱང་ཁེ་ལས་དང་ལས་བྱེད་པ་དང་ལས་བཟོ་བར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་གུས་འདུད་ཞུས་ནས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་དབང་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་འཁུར་ནས། ཐོན་ལས་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ལྗང་མདོག་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་གསར་པ་ཐོབ་པར་བྱེད་པ་དང་། དེང་རབས་ཅན་གྱི་འཕེལ་རིམ་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་ཡོང་བར་བྱེད་པ། ཐུན་མོང་ཕྱུག་འགྱུར་གྱི་ལེའུ་གསར་པ་རྩོམ་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བ་སྐྲུན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཕྱོགས་ནས་གོམ་སྟབས་གསར་པ་སྤོ་བར་བྱེད་པ་བཅས་ལ་རོགས་རམ་བྱས།
ཀྲང་ཡུས་ཀྲའོ་ཡིས་ནན་གྱིས་བསྟན་དོན། མིག་སྔར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པ་སྟེང་དངོས་སུ་ཞུགས་བཞིན་ཡོད་ཅིང་། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་གནས་ཡོད། རྒྱལ་དབང་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་ཐོག་མཐའ་བར་གསུམ་དུ། རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་བརྟན་པོ་ངེས་བར་བྱས་ནས། མཚོ་སྔོན་གྱི་དགོས་མཁོ་དངོས་ནས་རྐང་ཚུགས་པར་བྱེད་པ་དང་། ཀྲུང་དབྱང་ཁེ་ལས་ཀྱི་སུའོ་ཀྲང་གི་ནུས་པ་འདོན་སྤེལ་བྱེད་པ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་གང་ལེགས་ཞུ་བ་དང་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ། འཆར་འགོད་གཅིག་གྱུར་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་གཅིག་གྱུར་བཅས་བྱས་ཏེ། ལངས་ཕྱོགས་སྔར་ལས་བརྟན་པོ་བཅངས་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚད་མཐའ་ནན་སྲུང་བྱེད་པ། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་པ། ལྗང་མདོག་འཕེལ་རྒྱས་ཀྱི་ནུས་པ་སྔར་ལས་ཆེ་རུ་གཏོང་བ་བཅས་བྱས་ནས། བླང་བྱ་སྔར་ལས་ནན་མོ་བཏོན་ནས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ཀྲུང་དབྱང་ཁེ་ལས་ཀྱི་མཚོ་སྔོན་ཐོན་ལས་ཀྱི་ཁྱབ་ཚུལ་སྔར་ལས་ཇེ་ལེགས་སུ་གཏོང་བ། དགེ་མཚན་ལྡན་པ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པ། རྨང་གཞིའི་སྒྲིག་ཆས་གལ་ཆེན་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། འགན་འཁྲི་སྔར་ལས་ཆེ་རུ་བཏང་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་དགོས། མི་དམངས་ཀྱི་ལངས་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། མང་ཚོགས་ཀྱི་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བ། སྤྱི་པའི་ཞབས་ཞུའི་འགན་ལེན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཚོ་སྔོན་གྱི་དམངས་ཚིས་བདེ་སྐྱིད་སྔར་ལས་ཇེ་ལེགས་སུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས་དེའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་སྔར་ལས་ཆེ་རུ་གཏོང་བ་དང་། དེའི་ཐབས་ལམ་སྔར་ལས་སྣ་མང་ཕུན་སུམ་ཚོགས་སུ་གཏོང་བ། སྤུས་ཚད་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་སྔར་ལས་འབད་བརྩོན་བྱས་ཏེ། བྱེད་ཐབས་སྔར་ལས་ནུས་ལྡན་སྤྱད་དེ། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པའི་འདུ་ཤེས་སྔར་ལས་བརྟན་པོ་བཙུགས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྔར་ལས་རམ་འདེགས་ཡག་པོ་བྱེད་དགོས།
ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། རྒྱལ་དབང་རྒྱུ་ནོར་མ་ལག ཀྲུང་དབྱང་ཁེ་ལས་བཅས་ཀྱིས་དུས་ཡུན་རིང་པོའི་ནང་མཚོ་སྔོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཁོང་ནས་ཐུགས་རྗེ་ཆེ་ཞུས་ནས་བསྟན་དོན། མཚོ་སྔོན་འཕེལ་རྒྱས་གཏོང་བར་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱི་རྒྱབ་སྐྱོར་ཆེན་པོ་དང་ཁ་འབྲལ་ཐབས་མེད། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་པའི་ཚུན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཁེ་ལས་སོ་སོས་ཁ་གཏད་རོགས་སྐྱོར་བྱ་རྒྱུ་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་དང་། “གཏན་ཕབ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྩིས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས། ཐོན་ལས་གསོ་སྐྱོང་། འཇོན་མིའི་འདེགས་སྐྱོར་སོགས་ལ་དམ་པོར་དམིགས་ཏེ། ཕྱོགས་མང་པོ་དང་རིམ་པ་མང་བའི་རོགས་སྐྱོར་ནུས་ལྡན་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅིང་། བསམ་སྦྱོར་འདིའི་སྟེང་ནས་རྒྱལ་དབང་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དང་། ཁྱིམ་དང་རྒྱལ་ཁབལ་བཅངས་པའི་བརྩེ་སེམས། དངོས་གཉེར་སྙིང་སྟོབས། སྒེར་སེམས་མེད་པའི་སྒོ་ནས་ལེགས་སྐྱེས་འབུལ་བ་བཅས་ཀྱི་རྣམ་པ་གང་ལེགས་སྒོས་མངོན་ཡོད་པས། མཚོ་སྔོན་གྱི་མི་རིགས་སོ་སོའི་མི་དམངས་ཚོས་དུས་ནམ་ཡང་བརྗེད་མི་སྲིད།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་དང་། “སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ཁ་གསལ་བཟོས་ནས། འབྱུང་འགྱུར་འཕེལ་རྒྱས་ཐད་འཆར་གཞི་ཆེན་པོ་བཏིངས། ས་གནས་དང་ཀྲུང་དབྱང་ཁེ་ལས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ནི། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་པས། ང་ཚོས་མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་རམ་འདེགས་བྱེད་པ། དམངས་ཚིས་ལེགས་བཅོས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་རམ་འདེགས་བྱེད་པ། ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་གང་ལེགས་གཏོང་བ། འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། འཕེལ་རྒྱས་ཀྱི་བར་སྟོང་སྔར་ལས་རྒྱ་སྐྱེད་པ་བཅས་བྱས་ནས། མཚོ་སྔོན་གྱིས་ས་གནས་དང་ཀྲུང་དབྱང་ཁེ་ལས་བར་མཉམ་ལས་བྱེད་པའི་མཐུན་རྐྱེན་ལ་བརྟེན་ནས། བབ་བསྟུན་འཕྲལ་སྒྲུབ་དང་རྒྱང་སྐྱོད་ཐུབ་པར་བྱེད་དགོས། ང་ཚོས་སྔར་བཞིན་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཁེ་ལས་ཀྱི་འཕེལ་རྒྱས་ལ་འགན་ལེན་བྱ་རྒྱུ་དེ་འདོར་ཐབས་མེད་པའི་འགན་འཁྲི་ཞིག་ཏུ་བརྩིས་ནས། ཞབས་ཞུའི་གན་རྒྱ་འཇོག་པའི་ལས་གཞི་སྔར་ལས་དོན་འཁྱོལ་བྱེད་རྒྱུ་དང་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ། ཕྱོགས་གཉིས་ཀའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་ནས་དངུལ་གཏོང་ལས་སྐྲུན་དང་། བློ་བདེ་བག་ཕེབས་ཀྱི་ངང་ནས་འཕེལ་རྒྱས་སྟོབས་ལྡན་གཏོང་བ། ས་གནས་དང་ཀྲུང་དབྱང་ཁེ་ལས་ཀྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱེད་པ་དང་རྣམ་པ་གསར་པ་སྐྲུན་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན།
ཞིང་ཆེན་གྱི་མགོ་ཁྲིད་ཝང་ལིན་ཧུའུ་དང་ཀྲུའུ་ཞང་ཧྥུན་ཚོགས་འདུར་ཞུགས། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ཐིན་དང་ཅུའུ། ཀྲུང་དབྱང་གི་ཁེ་ལས་དང་མཚོ་སྔོན་ལ་རོགས་སྐྱོར་མཁན་གྱི་སྡེ་ཁག མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ལས་དོནསྡེ་ཁག ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག གྲོང་ཁྱེར་དང་ཁུལ་སྲིད་གཞུང་སོ་སོ། ཞིང་ཆེན་ཁོངས་གཏོགས་རྒྱལ་དབང་ཁེ་ལས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།