ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི། 《ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པའི་ཚུན་གྱི་ཚད་ལྡན་ཡིག་ཆ་གལ་ཆེན་བདམས་བསྒྲིགས》ཞེས་པའི་སྨད་ཆའི་དེབ་དེ། ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། དཔེ་སྐྲུན་བྱས་ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།
《ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པའི་ཚུན་གྱི་ཚད་ལྡན་ཡིག་ཆ་གལ་ཆེན་བདམས་བསྒྲིགས》ཞེས་པའི་སྨད་ཆའི་དེབ་ཀྱི་ནང་དུ། 2020ལོའི་ཟླ10པར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པའི་རྗེས་ནས། 2022ལོའི་ཟླ10པར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་མ་འཚོགས་པའི་སྔོན་གྱི་དུས་སྐབས་དེའི་རིང་གི་ཚད་ལྡན་ཡིག་ཆ་གལ་ཆེན་ཁྱོན74བཀོད་ཡོད་ཅིང་། སྨད་ཆའི་དེབ་དེར་ཡིག་འབྲུ་འབུམ་དྲུག་དང་ཁྲི་ལྔ་སྟོང་གསུམ་ཡོད། དེབ་དེའི་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་སོ་བདུན་བདམས་ཡོད་པ་དང་། ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གཞན་དག་གི་རྩོམ་ཡིག་བཅོ་ལྔ་བདམས་ཡོད་ལ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་ཡིག་ཆ་ཉེར་གཉིས་བདམས་ཡོད། ཚད་ལྡན་ཡིག་ཆ་གལ་ཆེན་བཅུ་གཉིས་ནི་ཡོངས་བསྒྲགས་ཀྱི་རྣམ་པས་འགྲེམས་སྤེལ་བྱས་པ་ཐོག་མ་ཡིན།
བན་དེ་སྐྱབས་ཀྱིས་བསྒྱུར།