ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཏུའུ་ཝུན་ཀྲན་ལ་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། ཀྲུང་གོ་དང་ཡོ་ནན་བར་གྱི་མཉམ་ལས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཟམ་མི་ཆད་པར་ཇེ་ཆེར་ཕྱིན་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་དངོས་བསྐྲུན་ཡོད། ད་ལོ་ནི་ཀྲུང་གོ་དང་ཡོ་ནན་བར་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་བཙུགས་ནས་ལོ་བཅོ་ལྔ་འཁོར་བའི་ལོ་ཡིན་པས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་རང་རང་སོ་སོའི་བརྟན་ལྷིང་དང་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་ཆེད། ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་འདོད་ཡོད་ཅེས་གསུངས།
ཏུའུ་ཝུན་ཀྲན་གྱིས་ཡོ་ནན་གྱིས་ཀྲུང་གོའི་བར་གྱི་མཛའ་མཐུན་མཉམ་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་གདམ་ག་གལ་ཆེན་ཞིག་ཏུ་བརྩིས་ནས། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱིན་ཡོད། ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་མཉམ་དུ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
ཧྲི་ཐའེ་ཧྥུན་དང་ཝང་ཏུང་ཧྥུན་མཇལ་འཕྲད་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།