ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཟུར་པར་མཇལ་འཕྲད་གནང་།
2023.07.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བདུན་པའི་ཚེས་ཉིཤུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཟུར་པ་ཅིས་ཞིན་ཀི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་འབུམ་རམས་པ་ཅིས་ཞིན་ཀི་ཡིས་ཁོ་ལོ་བརྒྱ་ལ་བུད་པའི་སྐྱེས་སྐར་རོལ་མ་ཐག་ཡིན་ལ། ཁྱོད་ཀྱིས་ཀྲུང་གོར་འཚམས་འདྲི་བྱས་པའི་ཁ་གྲངས་ཡང་ཐེངས་བརྒྱ་ཡིན།  “བརྒྱ་ཐམ་པ” གཉིས་མཉམ་དུ་འཁེལ་བ་དེས། ཁྱོད་ཀྱིས་ད་ཐེངས་ཀྲུང་གོར་འཚམས་འདྲི་བྱས་པར་དམིགས་བསལ་གྱི་དོན་སྙིང་ལྡན་པར་བྱས། ལོ་ང་གཉིས་ཀྱི་སྔོན་ལ། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ལ་མཚོན་ནས་བཤད་ན། གནད་འགག་གི་ཁ་ཕྱོགས་འགྱུར་མཚམས་ཤིག་ཏུ་གནས་ཡོད། ཀྲུའུ་ཞི་མའོ་ཙེ་ཏུང་དང་ཙུང་ལི་ཀྲོའུ་ཨེན་ལའེ་རྣམ་གཉིས་ཀྱིས་ཙུང་ཐུང་ཉིས་ཁི་སུང་དང་ཁྱོད་གཉིས་མཉམ་དུ། འཐབ་ཇུས་ཀྱི་མིག་རྒྱང་ཁྱད་འཕགས་ལ་བརྟེན་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་གདམ་ག་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་བའི་འཕེལ་རིམ་དངོས་སུ་བཏོད་ནས། རྒྱལ་ཁབ་གཉིས་ཀར་བདེ་སྐྱིད་བསྐྲུན་པར་མ་ཟད། འཛམ་གླིང་ལའང་འགྱུར་ལྡོག་བཏང་ཡོད།  ཀྲུང་གོ་བས་བརྩེ་སེམས་དང་དྲང་བདེན་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པས། ང་ཚོས་གྲོགས་པོ་རྙིང་པ་བརྗེད་མི་སྲིད་ལ། ཁྱོད་ཀྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་ཆེད་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་བར་དུས་ནམ་ཡང་བརྗེད་མི་སྲིད་ཅེས་གསུངས།

ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་འདིས་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་མེད་འཕོ་འགྱུར་ཆེན་པོ་ཞིག་དངོས་སུ་བརྒྱུད་བཞིན་ཡོད་པ་དང་། དེ་བསྟུན་རྒྱལ་སྤྱིའི་རྣམ་པའང་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀ་སླར་ཡང་ལམ་གྱི་བཞི་མདོར་སླེབས་ཡོད་པས། ་ཕྱོགས་གཉིས་ཀར་སླར་ཡང་གདམ་ག་ཡང་དག་འཚོལ་དགོས་པར་གྱུར། འབྱུང་འགྱུར་ལ་རྒྱང་ལྟ་བྱས་པ་ཡིན་ན། གཞི་ནས་ཀྲུང་གོ་དང་ཨ་མེ་རི་ཁ་གཉིས་ཀར་ཕན་ཚུན་གྲུབ་འབྲས་ཐོབ་པ་དང་མཉམ་དུ་དར་རྒྱས་ཡོང་ཐུབ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆེས་འགག་རྩ་ནི་ཕན་ཚུན་བརྩི་འཇོག་དང་ཞི་བདེ །མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་གསུམ་ལ་བརྩི་སྲུང་ཞུ་རྒྱུ་དེ་ཡིན་ཞིང་། རྨང་གཞི་དེའི་སྟེང་དུ་ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་པོའི་ངང་མདུན་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ལ། དེ་ནི་ཕྱོགས་གཉིས་ཀར་མཚོན་ནས་བཤད་ན་ཕན་ཐོགས་ཡོད་ལ་འཛམ་གླིང་ལའང་ཕན་ཐོགས་ཡོད། ཁྱོད་དང་ཨ་མེ་རི་ཁའི་ཤེས་ལྡན་མི་སྣས་མུ་མཐུད་དུ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ཡང་དག་པའི་བགྲོད་ལམ་སྟེང་བསྐྱོད་པ་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུའི་རེ་ལྟོས་ཆེ་ཞེས་ནན་གྱིས་གསུངས།

ཅིས་ཞིན་ཀི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ངས་ཐོག་དང་པོར་ཀྲུང་གོར་འཚམས་འདྲི་བྱས་ནས་ཀྲུང་གོ་ཕྱོགས་ཀྱི་མགོ་ཁྲིད་པ་དང་མཇལ་འཕྲད་གནང་སའི། ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་གི་ཐོག་བརྩེགས་ལྔ་པའི་ནང་དུ། ང་དང་མཇལ་འཕྲད་གནང་རྒྱུའི་བཀོད་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་མཚོན་ནས་བཤད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། མིག་སྔའི་གནས་སྟངས་འོག་ཏུ། “ཧྲང་ཧའེ་སྤྱི་བསྒྲགས”ནང་གཏན་འཁེལ་བྱས་པའི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དེ་ཀྲུང་གོར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པར་བསམ་ཤེས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དགེ་མཚན་ལྡན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ངས རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱིས་ཕན་ཚུན་བར་བསམ་ཤེས་བྱེད་ཤུགས་ཆེ་རུ་གཏོང་ཆེད་མུ་མཐུད་དུ་འབད་བརྩོན་བྱེད་འདོད་ཡོད་ཅེས་བསྟན།

ཝང་དབྱི་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།