ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་མགོ་འཛིན་གནང་ནས། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་པ་བསྡུས་ཏེ། རྨོ་ཞིང་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། ས་ཞིང་བ་ཚྭ་ཅན་གྱི་ཕྱོགས་བསྡུས་སྒྱུར་བཀོད་དང་བེད་སྤྱོད་ལ་ཤུགས་སྣོན་པ་སོགས་ཀྱི་གནད་དོན་ལ་ཞིབ་འཇུག་བྱས། ཞི་ཅིན་ཕིང་གིས་ཚོགས་ཐོག་ནས་གསུང་བཤད་གལ་ཆེན་གནང་སྟེ། འབྲུ་རིགས་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་ཡིན་པ་དང་། རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་སྲོག་རྩ་ཡིན་པས། འབྲུ་རིགས་གསོག་ཉར་དང་འབྲུ་རིགས་ལག་རྩལ་ལ་བརྟེན་པའི་འཐབ་ཇུས་དོན་འཁྱོལ་བྱས་ནས། རྨོ་ཞིང་སྲུང་སྐྱོབ་ལ་ཤུགས་སྣོན་ནན་མོ་རྒྱག་པ་དང་། རྨོ་ཞིང་གི་སྤུས་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ། ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་བེད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་པ། ཞིང་ལས་ཐོན་སྐྱེད་ཀྱི་བར་སྟོང་བརྟན་པོའི་ངང་རྒྱ་ཆེར་གཏོང་བ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཏིན་ཞུའེ་ཞང་བཅས་ཚོགས་འདུར་ཞུགས།
ཚོགས་ཐོག་ནས་རང་བྱུང་ཐོན་ཁུངས་པུའུ་དང་། ཞིང་ལས་དང་གྲོང་གསེབ་པུའུ། ཀྲུང་དབྱང་ནོར་སྲིད་གཞུང་སྒྲུབ་ཁང་། ཀྲུང་དབྱང་ཞིང་ལས་གཞུང་སྒྲུབ་ཁང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཕུལ་བའི་རྨོ་ཞིང་སྲུང་སྐྱོབ་དང་ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་སྒྱུར་བཀོད་དང་བེད་སྤྱོད་ལ་ཤུགས་སྣོན་དགོས་པའི་སྐོར་གྱི་སྙན་ཞུར་ཉན།
གྲོས་ཚོགས་ལས་བསྟན་དོན། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་རྨོ་ཞིང་སྲུང་སྐྱོབ་ཀྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བྱེད་ཐབས་ནན་མོ་རབ་དང་རིམ་པ་ལག་བསྟར་བྱས་ནས། རྨོ་ཞིང་གི་ཉེན་མཚམས་བརྟན་སྲུང་བྱས་པར་བརྟེན། རྨོ་ཞིང་གི་སྤྱི་འབོར་རྒྱུན་མཐུད་ངང་མར་འགྲིབ་པའི་སྣང་ཚུལ་མི་འབྱུང་བར་བཀག་འགོག་བྱས་ཡོད་ཅིང་དུས་མཚུངས་སུ། རང་རྒྱལ་གྱི་མི་འབོར་མང་ཞིང་ས་ཞིང་ཉུང་བའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འགྱུར་བ་བྱུང་མེད་པ་དང་། རྨོ་ཞིང“འབྲུ་རིགས་ཐོན་སྐྱེད་ཀྱི་ཕྱོགས་སུ་མི་བཀོལ་བ”དང“ཞིང་ལས་ཐོན་སྐྱེད་ཀྱི་ཕྱོགས་སུ་མི་བཀོལ་བའི”གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡིན་པ་ལས་གཞན། རྨོ་ཞིང་གི་ཉེན་མཚམས་སྲུང་བའི་རྨང་གཞི་ད་དུང་བརྟན་པོ་མིན་པར་མ་ཟད། ཞིང་ཁའི་ཆུ་བེད་སྤྱོད་ཀྱི་ཐད་ལའང་ད་དུང་བུ་ལོན་མང་པོ་ཡོད་པ་བཅས་ཀྱི་གནད་དོན་ལ་རིག་པ་གསལ་བོའི་སྒོ་ནས་ངོས་འཛིན་ཐུབ་པར་བྱེད་དགོས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། རྨོ་ཞིང་སྲུང་སྐྱོབ་ཀྱི་ལས་འགན་ཇེ་ཡང་དུ་ཕྱིན་མེད་པར་སྔར་ལས་དཀའ་ཚེགས་ཅན་དུ་གྱུར་ཡོད། ངེས་པར་དུ་གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་དང་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆོས་ཉིད་ལ་བརྩི་འཇོག་དང་བབ་བསྟུན་སྣེ་ཁྲིད་བྱེད་པ། ཡུལ་བབ་དང་བསྟུན་པ། སྙིང་རུས་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ནས། རྨོ་ཞིང་སྲུང་སྐྱོབ་ལ་སྔར་ལས་ཤུགས་སྣོན་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྨོ་ཞིང་སྲུང་སྐྱོབ་ནི་བརྒྱུད་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པས། གྲངས་འབོར་དང་སྤུས་ཚད་གཉིས་ཀ་མཉམ་འཛིན་བྱེད་རྒྱུ་དང་ཁྲིམས་ལག་བསྟར་ནན་མོ་བྱེད་པ། བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། རྒྱུན་མཐུད་བེད་སྤྱོད་སོགས་ཀྱི་བླང་བྱ་གལ་ཆེན་མངོན་གསལ་དོད་པོའི་ངང་ཁོང་དུ་ཆུད་པར་བྱས་ནས། བྱེད་ཐབས་ནུས་ལྡན་སྔར་ལས་བཀོལ་གང་ཐུབ་བྱེད་དགོས། རྨོ་ཞིང་སྲུང་སྐྱོབ་ཀྱི་འགན་འཁྲི་སྔར་ལས་ཇེ་དམ་དུ་བཏང་ནས། རེས་སྐོར་གསར་པའི་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ཁ་གསལ་བཟོས་ཡོད་པའི་རྨོ་ཞིང་དང་ཡུན་རིང་གི་གཞི་རྩའི་ས་ཞིང་སྲུང་སྐྱོབ་ཀྱི་ལས་འགན་དོན་འཁྱོལ་ནན་མོ་བྱས་ཏེ། རྨོ་ཞིང་མུའུ་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཀྱི་ཉེན་མཚམས་ལས་མི་བརྒལ་བར་འགན་ལེན་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། ས་ཞིང་བ་ཚྭ་ཅན་ལ་ཕྱོགས་བསྡུས་སྒྱུར་བཀོད་དང་བེད་སྤྱོད་བྱ་རྒྱུ་ནི་རྨོ་ཞིང་སྲུང་སྐྱོབ་དང་སྔར་ལས་ཇེ་ལེགས་སུ་གཏོང་བའི་ཕྱོགས་གལ་ཆེན་ཞིག་ཡིན་པ་དང་། རང་རྒྱལ་དུ་ས་ཞིང་བ་ཚྭ་ཅན་གྱི་རིགས་མང་ལ། ས་ཁུལ་ཁག་གཅིག་གི་ས་ཞིང་བ་ཚྭ་ཅན་དུ་འགྱུར་ཚབས་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད་པའི་དབང་གིས། ས་ཞིང་བ་ཚྭ་ཅན་ལ་ཕྱོགས་བསྡུས་སྒྱུར་བཀོད་དང་བེད་སྤྱོད་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན། ས་ཞིང་བ་ཚྭ་ཅན་གྱི་ཕྱོགས་བསྡུས་བེད་སྤྱོད་ཀྱི་སྦས་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ། ད་ཡོད་ཀྱི་ས་ཞིང་བ་ཚྭ་ཅན་གྱི་སྒྱུར་བཀོད་དང་རིམ་སྤོར་ལ་ཤུགས་སྣོན་པ་དང་། རྨོ་ཞིང་ཚྭ་ཅན་དུ་འགྱུར་བར་བཀག་འགོག་ནུས་ལྡན་བྱེད་པ། ས་ཞིང་བ་ཚྭ་ཅན་གྱི་ཁྱད་ལྡན་ཞིང་ལས་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། ས་ཞིང་བ་ཚྭ་ཅན་གྱི་ཐོན་ཁུངས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་གསལ་རྟོགས་བྱས་ཏེ། ས་ཞིང་བ་ཚྭ་ཅན་ཕྱོགས་བསྡུས་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་ཆེད་དོན་ལག་བསྟར་ཇུས་གཞིར་ཞིབ་འཇུག་བྱས་ནས་གཏན་འབེབས་བཟོ་བ་དང་། ས་ཁུལ་དབྱེ་ནས་རྨོ་ཞིང་བ་ཚྭ་ཅན་བཅོས་སྐྱོང་གི་ལས་དོན་སྤེལ་བ། ཡུལ་བབ་དང་བསྟུན་པའི་སྒོ་ནས་རྨོ་ཞིང་བ་ཚྭ་ཅན་བེད་སྤྱོད་ཡག་པོ་བྱས་ཏེ། ས་ཞིང་བ་ཚྭ་ཅན་གྱི་ཐོན་ཁུངས་སྣ་ཚོགས་ཀྱི་སྟེང་ནས་ཟས་རིགས་བསྡུ་ལེན་བྱེད་ཐུབ་དགོས་ལ། “ས་འཚམས་སར་འདེབས་འཛུགས”དང“ས་ཆར་འདེབས་འཛུགས་བྱེད་པའི”ལས་དོན་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཚྭ་ཞིང་དང་འཚམ་པའི་ཁྱད་ལྡན་ས་བོན་འདེམས་གསོ་གང་མགྱོགས་བྱེད་པ། ས་ཞིང་བ་ཚྭ་ཅན་བཅོས་སྐྱོང་དང་ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་ནུས་ལྡན་ཁྱབ་བརྡལ་ཤུགས་ཆེན་གཏོང་བ། ཆུ་ཁུངས་དང་མ་དངུལ་འགན་ལེན་སོགས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་པ་བཅས་བྱེད་དགོས།
ཚོགས་ཐོག་ནས《ས་ཞིང་བ་ཚྭ་ཅན་གྱི་ཕྱོགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།
ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།