ཀྲེ་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཟླ་བདུན་པའི་ཚེས་བཅུ་དགུ་ཉིན་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་བྱས་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནས་ཀྲེ་ཅང་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་གཉིས་ཀྱི་མཉམ་ལས་གྲོས་མཐུན་ཀྱི་སྦྲེལ་མཐུད་དངོས་འབེབས་བྱ་བ་བཟང་བོར་བསྒྲུབས་ཏེ། ཀྲེ་ཅང་དང་མཚོ་སྔོན་གྱི་མཉམ་ལས་དེ་ཆུ་ཚད་སྔར་ལས་མཐོན་བ་དང་གོམ་སྟབས་སྔར་ལས་བརྟན་པ། སྔར་ལས་བཟང་བའི་མ་འོངས་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབྱེ་ལེན་ཧོང་གིས་གཏམ་བཤད་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་གཏམ་བཤད་སྤེལ།
དབྱེ་ལེན་ཧོང་གིས་ཀྲེ་ཅང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་བོར་ཀྲེ་ཅང་གི་བྱ་བར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པ་དང་། ཀྲེ་ཅང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ན་གཞོན་ལས་བྱེད་འཇོན་མིར་སེམས་ཁུར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ལོ་འདི་དག་གི་རིང་ལ། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ཏེ། མཐོ་སྒང་དང་མཚོ་སྔོན་གྱི་ཁྱད་ཆོད་ལྡན་པའི་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་དུ་བསྐྱོད་ཡོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་གོམ་སྟབས་བརྟན་བརླིང་ཡོང་བ་དང་འགྱུར་ལྡོག་འབྱུང་བར་སྐུལ་འདེད་བཏང་སྟེ། ང་ཚོར་སྐུལ་མ་དང་ཡིད་འགུལ་ཆེན་པོ་ཐེབས་སུ་བཅུག་ཡོད། ཀྲེ་ཅང་དང་མཚོ་སྔོན་བར་གྱི་མཛའ་བརྩེ་ཟབ་ཅིང་འབྲེལ་འདྲིས་ཟབ་མོ་ཡིན་ལ། ཁ་གཏད་རོགས་སྐྱོར་བྱ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པར་མ་ཟད། ཁྱད་པར་དུ་ཞིང་ཆེན་གཉིས་ཀྱིས་ཁ་གཏད་རོགས་སྐྱོར་མཉམ་ལས་གཏིང་ཟབ་སྤེལ་བའི་སྒྲོམ་གཞིའི་གྲོས་མཐུན་དངོས་འབེབས་བྱས་ཏེ། མཉམ་ལས་དང་བརྗེ་རེས་ལ་གྲུབ་འབྲས་གསར་བ་ཐོབ་ཡོད་ལ། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་དང་ཀྲེ་ཅང་དང་མཚོ་སྔོན་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བར་ཡིད་ཆེས་ཀྱིས་ཁེངས་ཡོད།
ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་བཅས་ཀྱི་ཚབ་བྱས་ཏེ་ཀྲེ་ཅང་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པར་དགའ་བསུ་ཞུས་པ་དང་སྙིང་ཐག་པ་ནས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཀྲེ་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོ་ལས་ང་ཚོར་སྐུལ་མ་ཐེབས་ཡོད་ལ། ཀྲེ་ཅང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་རོགས་འདེགས་གང་ལེགས་བྱས་པར་ང་ཚོས་སེམས་ཁོང་ནས་དྲིན་གཟོ་བྱེད་བཞིན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཞིང་ཆེན་གཉིས་ཀྱིས་རོགས་སྐྱོར་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་སྒྲོམ་གཞིའི་གྲོས་མཐུན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། ཁ་གཏད་རོགས་སྐྱོར་དང་མཉམ་ལས་བརྗེ་རེས་ཀྱི་མིག་དཔེར་གསར་བསྐྲུན་བྱས་ནས། ཤུགས་ཆེན་པོས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ང་ཚོས་ནན་ཏན་གྱིས་ཀྲེ་ཅང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོར་སློབ་སྦྱོང་དང་དཔེར་བཟུང་ནས། ཐཱན་ཉུང་གཏོང་དང་སྦགས་བཙོག་མེད་པ། ལྗང་མདོག་རྒྱ་བསྐྱེད་པ་བཅས་ལ་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་འཛུགས་བྱེད་དགོས། ཀྲེ་ཅང་གི་ལྷད་མེད་འཕེལ་རྒྱས་ཀྱི་ཉམས་མྱོང་དང་བྱེད་ཐབས་བཟང་བོར་སློབ་སྦྱོང་དང་དཔེར་འཛིན་བྱས་ཏེ། ཐོན་ལས་ཀྱི་གནས་བཞི་མྱུར་དུ་འཛུགས་སྐྲུན་བྱས་ནས། ལྷད་མེད་ཐཱན་ཉུང་གི་འཁོར་སྐྱོད་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པར་ཤུགས་སྣོན་བྱེད་དགོས་པར་མ་ཟད། ཀྲེ་ཅང་གིས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་དང་བྱེད་ཐབས་བཟང་བོར་སློབ་སྦྱོང་དང་དཔེར་འཛིན་བྱས་ཏེ། མི་རིགས་སོ་སོའི་ཐུན་མོང་འཕེལ་རྒྱས་དང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་བདེ་སྐྱིད་ཀྱི་རང་མདངས་མཐོར་འདེགས་བྱེད་པར་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།
ཀྲང་ཅེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཞུའུ་ཝུན་ཀོང་དང་། མཚོ་ནུབ་ཁུལ་ཨུའི་འགན་ཁུར་བློ་མཐུན་གཙོ་བོས་སོ་སོར་ཁ་གཏད་གཏོགས་སྐྱོར་དང་མཚོ་ནུབ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས། ཁ་གཏོད་རོགས་སྐྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་གནས་ཚུལ་སོགས་མཚམས་སྦྱོར་བྱས།
མཚོ་སྔོན་དུ་འཚམས་འདྲི་བྱེད་སྐབས། འཐུས་ཚབ་ཚོགས་པ་འཁོར་དང་བཅས་པ་མཚོ་སྔོན་གྱི་ཚྭ་འདམ་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་སྔོན་ཀྲུང་ཁུང་ཉི་འོད་ནུས་པའི་གློག་འདོན་ཚད་ཡོད་ཀུང་ཟི། ཀྲེ་ཅང་ཞིང་ཆེན་གྱི་མཚོ་སྔོན་རོགས་སྐྱོར་བཀོད་འདོམ་པུའུ་བཅས་སུ་སོང་ནས་རྟོག་ཞིབ་བྱས་པར་མ་ཟད། ཀྲེ་ཅང་གི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ན་གཞོན་ལས་བྱེད་པར་འཚམས་འདྲི་བྱས།
ཀྲེ་ཅང་ཞིང་ཆེན་གྱི་མགོ་ཁྲིད་པ་ལིའུ་ཅེ་དང་། ཕིན་ཅཱ་ཞོས། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་པ་ཀྲའོ་ཡའོ་ཞཱ་དང་ཧི་ལུའུ་ཁྲོན་བཅས་འབྲེལ་ཡོད་བྱ་འགུལ་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།