ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མགོ་འཛིན་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། ཚོགས་ཐོག་ནས་མིག་སྔའི་འབྲུབ་འགོག་ཐན་འགོག་ལས་དོན་སྤེལ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། 《ཆེས་ཆེ་བའི་གྲོང་ཁྱེར་དུ་གྲོང་ཁྱེར་ནང་གི་གྲོང་ཚོ་སྒྱུར་བཀོད་ལ་སྐུལ་འདེད་བརྟན་པོ་གཏོང་དགོས་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། 《སྤྱི་ཚོགས་ཉེན་ཚབས་སྒྲུབ་གཉེར་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མིག་སྔར་འབྲུབ་འགོག་ཐན་འགོག་གི་གནད་འགག་དུས་སུ་སླེབས་ཡོད་པས། ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མི་དམངས་དང་ཚེ་སྲོག་བླ་ན་མེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོའི་སྟེང་ནས་འབྲུབ་འགོག་ཐན་འགོག་གི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། ཚད་མཐའི་བསམ་གཞིགས་དང་མཐར་སོན་པའི་བསམ་གཞིགས་རྒྱུན་འཁྱོངས་བྱས་ནས། འབྲུབ་འགོག་ཐན་འགོག་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་ལས་དོན་ཁག་སོ་སོར་ཤུགས་བསྣན་ནས། ད་ཡོད་ལས་ཀའི་རྨང་གཞིའི་སྟེང་དུ་ཡང་བསྐྱར་ཀོད་སྒྲིག་དང་ཡང་བསྐྱར་ཞིབ་བཤེར། ཡང་བསྐྱར་དོན་འཁྱོལ་བཅས་བྱེད་དགོས་ལ། ལྷུ་ཚིགས་ཁག་གི་འགན་འཁྲི་ཏན་ཏིག་ངང་སྒྲུབ་པ། གཞི་རིམ་ལས་བྱེད་པའི་ལག་ལེན་གྱི་ཉམས་མྱོང་སྤྱོད་རྒྱུར་མཐོང་ཆེན་བྱེད་དགོས་པ་ལས་གཞན། དུས་ཐོག་ཏུ་བྱེད་ཐབས་ནུས་ལྡན་སྤྱད་དེ། གཙོ་གནད་ཁུལ་དང་ཉམས་ཞན་ལྷུ་ཚིགས་ཀྱི་ཉེན་ཁའི་འགལ་རྐྱེན་མེད་པར་བཟོ་དགོས། ཞོད་ཟོན་ཐན་འགོག་གཉིས་ཀར་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐན་ཞོད་མཉམ་བྱུང་དང་ཐན་ཞོད་མྱུར་སྒྱུར་ནན་འགོག་བྱས་ནས། ཐན་འགོག་ཆུ་ཁུངས་ལ་བཀོད་སྒྲིག་གནད་ཁེལ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་བདེ་འཇགས་དང་ལྷག་པར་དུ་འབྲུ་རིགས་ཐོན་སྐྱེད་ཐད་སྤྱོད་པའི་འཐུང་ཆུ་བདེ་འཇགས་ཡོང་བར་འགན་ལེན་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། གྲོང་ཁྱེར་ཤིན་ཏུ་ཆེ་གྲས་སུ་གྲོང་ཁྱེར་ནང་གི་གྲོང་ཚོ་སྒྱུར་བཀོད་བརྟན་པོའི་ངང་ལག་བསྟར་གང་ལེགས་བྱ་རྒྱུ་ནི། དམངས་ཚིས་ལེགས་བཅོས་དང་ནང་མཁོ་རྒྱ་སྐྱེད། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། བརྟན་ཐོག་ཡར་འཕེལ་དང་ཧུར་བརྩོན་བརྟན་བརླིང་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་དགོས་མཁོ་ངོ་མ་དང་གྲོང་ཁྱེར་གྱི་བདེ་འཇགས། སྤྱི་ཚོགས་བཅོས་སྐྱོང་ཐད་འགལ་རྐྱེན་མང་བོ་ཡོད་པའི་གྲོང་ཁྱེར་ནང་གི་གྲོང་སྡེ་སྔོན་ལ་བསྒྱུར་བཀོད་བྱས་ཏེ། ལས་དོན་རེ་རེ་བྱས་ཏེ་སྐུལ་འདེད་གཏོང་བ་དང་། ལས་དོན་རེ་རེ་བཞིན་ལག་བསྟར་བྱེད་དགོས་པར་མ་ཟད། དེ་བསྟུན་གྱི་ལས་གཞི་རེ་རེ་བཞིན་བཟོས་ཏེ། བྱ་བ་བཟང་པོ་དངོས་གནས་ལེགས་པར་བསྒྲུབ་པ་དང་དངོས་སྒྲུབ་དོན་གཉེར་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། སྤྱི་ཚོགས་ཉེན་ཚབས་ཀྱི་སྒྲུབ་གཉེར་ཁྲིམས་འཛུགས་ལས་དོན་ནི། སྒྲུབ་གཉེར་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་ཅན་དུ་གཏོང་བ་དང་ཞབས་ཞུ་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ། མང་ཚོགས་ཀྱི་སྤྱི་ཚོགས་ཉེན་ཚབས་ཁེ་དབང་ལ་སྔར་ལས་ལྷག་པའི་སྒོ་ནས་འགན་ལེན་བྱེད་པ་བཅས་ཀྱི་ཐད་ནས་བཤད་ན་ཕན་པ་ཆེན་པོ་ཡོད། སྲོལ་ཡིག་གཏན་འབེབས་བྱེད་པའི་གོ་སྐབས་དང་བསྟུན་ནས། མང་ཚོགས་ཀྱི་སྤྱི་ཚོགས་འགན་སྲུང་ལས་དོན་ཁྲོད་ཀྱི་དཀའ་ཁག་དང་གནད་དོན་སྔར་ལས་ཐག་གཅོད་ཡག་པོ་བྱས་ཏེ། དྲ་ཐོག་དང་དྲ་ཕྱི་སོགས་ཞབས་ཞུའི་བྱེད་ཐབས་སྣ་ཚོགས་གསར་གཏོད་བྱས་ནས། སྤྱི་ཚོགས་འགན་སྲུང་གི་སྒྲུབ་གཉེར་ཞབས་ཞུ་སྔར་ལས་སྟབས་བདེ་དང་སྔར་ལས་དམངས་ཕན་ཅན་དུ་ཕྱོགས་པར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། ལམ་ལུགས་དང་ལམ་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ལྷུ་ཚིགས་སོ་སོར་དོ་དམ་ནན་མོ་བྱེད་པ། བཙན་བཟུང་གཞན་སྤྱོད་དང་། མགོ་སྐོར་བཏང་ནས་འགན་ལེན་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་མོ་བཅད་དེ། ཐེབས་རྩ་འཁོར་སྐྱོད་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས།
ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།