གོ་ལ་ཧྲིལ་པོའི་སྨྱན་སྦྱོར་གསར་གཏོད་གླེང་སྟེགས་སྐབས་གཉིས་པ་ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་ཧྲང་ཧའེ་རུ་འཚོགས། ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་དེང་རབས་ཅན་མངོན་འགྱུར་བྱ་རྒྱུ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་ལས་དོན་ཅིག་ཡིན་པ་ངོས་འཛིན་བྱས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་དངོས་ནས་རྐང་ཚུགས་པར་བྱས་ཏེ། མཉམ་དུ་དེང་རབས་ཅན་གྱི་ལམ་བུ་བཏོད་རྒྱུའི་ཐད་ནས་འཛམ་གླིང་ཡོངས་ལ་འབོད་སྐུལ་གནང་ནས། སྔ་རྗེས་སུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་བཅས་བཏོན་ནས། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་གི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྐྲུན་རྒྱུ་དང་། སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་སྐྲུན་རྒྱུར་ཀྲུང་གོའི་ཇུས་གཞི་མཁོ་འདོན་གནང་། གོ་ལ་ཧྲིལ་པོའི་སྨྱན་སྦྱོར་གྱིས་འགན་འཁྲི་འཁུར་བ་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། དམངས་སེམས་གཅིག་མཐུན་དང་དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྔར་ལས་སྐུལ་འདེད་བཏང་སྟེ། མིའི་རིགས་སྤྱི་ཚོགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་སྐྲུན་ཆེད། བློ་གྲོས་དང་སྟོབས་ཤུགས་ཅིཡོད་ལེགས་སྐྱེས་སུ་འབུལ་འོས།
སྐབས་འདིའི་གླེང་སྟེགས་ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་སྟེགས་བུ་དང་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་བྱས་ཏེ་གཙོ་སྒྲུབ་བྱས་པ་དང་། ཐེངས་འདིའི་བརྗོད་དོན་ནི“མཉམ་དུ་ལག་གདང་སྦྲེལ་ཏེ་སྒོ་འབྱེད་ཀུན་ཕན་དང་གཉིས་རྒྱལ་གྱི་དེང་རབས་ཅན་གྱི་ལམ་བུར་མཉམ་ཞུགས་བྱེད”ཅེས་པ་དེ་ཡིན་ལ། རྒྱལ་སྤྱིའི་རྩ་འཛུགས་དང་སྨྱན་སྦྱོར་ལས་ཁུངས། ཀྲུང་ཕྱིའི་རིག་མཛོད། རྒྱལ་ཁོངས་ལས་བརྒལ་བའི་ཁེ་ལས་སོགས་ཁྱབ་ཁོངས་ཀྱི་འཐུས་མི་ཉིས་བརྒྱ་དང་སུམ་ཅུ་ལྷག་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་རྣམ་པས་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།