ཆིན་པོ་ཡུང་གིས་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ལས་ཁུངས་སུ་རྟོག་ཞིབ་བྱས།
2023.07.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆིན་པོ་ཡུང་འཁོར་དང་བཅས་པས་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ལས་ཁུངས་སུ། རྩ་འཛུགས་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་ཡིས་མཉམ་དུ་རྟོག་ཞིབ་བྱེད་རོགས་བྱས་ཏེ་འབྲེལ་ཡོད་བྱེད་སྒོར་ཞུགས།

ཆིནཔོ་ཡུང་གིས་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་འཛུགས་སྐྲུན་གནས་ཚུལ་གྱི་སྙན་ཞུ་དང་། གཞི་རིམ་རྩ་འཛུགས་ཀྱི་འགན་འཁུར་བ། ཚོགས་མིའི་འཐུས་མི་བཅས་ཀྱི་གཏམ་བཤད་ལ་ཉན་རྗེས། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས། ཁོ་མོས་བསྟན་དོན། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ལས་ཀའི་བསམ་ཕྱོགས་གསལ་བོ་ཡིན་པ་དང་བྱེད་ཐབས་དོན་ལ་གནས་པ། ཕན་འབྲས་མངོན་གསལ་ལྡན་པ་བཅས་རེད། བསམ་བློ་ཆབ་སྲིད་འཛུགས་སྐྲུན་ཐད་ནས་བཤད་ནའང་ཕན་འབྲས་ཐོན་ཡོད། བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ནི་དམངས་གཙོ་རྒྱལ་འཛུགས་ཚོགས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་སྐབས་བརྗེ་བྱས་པའི་ཚུན་ལ། བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལ་དམ་འཛིན་ནན་མོ་བྱས་ནས། རྒྱ་ཆེའི་ཚོགས་མིར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དུ་བཅུག་སྟེ། ཏང་མང་མཉམ་ལས་ཀྱི་བསམ་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་ཡོད་པར་མ་ཟད། དེ་བསྟུན་རྩ་འཛུགས་འཛུགས་སྐྲུན་ལའང་བཟང་ཆ་མང་པོ་ལྡན།  དེ་ལས་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཚོགས་མིའི་འཕེལ་རྒྱས་དང་མཚོན་བྱེད་མི་སྣའི་དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་ཐད་འབད་བརྩོན་ཆེན་པོ་བྱས་པའི་དབང་གིས། རྩ་འཛུགས་འཛུགས་སྐྲུན་ལའང་འཕེལ་རྒྱས་མྱུར་མོ་བྱུང་ཡོད། རང་འགན་གཙང་སྒྲུབ་བྱས་པ་དོན་ལ་གནས་པ་རེད། བློ་རྒྱ་ཆེན་པོ་བཅངས་པ་དང་མཚོ་སྔོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས་ཐབས་འདོན་ཇུས་འདོན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བསམ་འཆར་དང་གྲོས་འགོ་མང་པོ་ཞིག་དང་ལེན་བྱས་པ་དེའི་སྟེང་ནས། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྱི་སྲིད་ཞུགས་སྲིད་གྲོས་ཀྱི་ནུས་པའི་ཆུ་ཚད་གང་ལེགས་སྒོས་མཚོན་ཡོད་པས། ཇུས་འདོན་པ་དང་ལས་རོགས་པ། ལས་གྲོགས་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

ཆིན་པོ་ཡུང་གིས་ནན་གྱིས་བསྟན་དོན། “སེམས་ཤུགས་གཅིག་སྒྲིལ་གྱིས་བླ་སྲོག་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་ཡར་བརྩོན་གྱིས་སྐྱོད་ལམ་གསར་པ་བཏོད”ཅེས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་དུ་སྤེལ་ནས། བསམ་བློའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། ལས་འགན་གཙོ་བོ་གཏན་འཁེལ་ནན་མོ་བྱེད་པ། མ་རྩོམ་ཀློག་པ་དང་མ་ཡིག་ལ་སློབ་སྦྱོང་བྱས་ཏེ་རྩ་བའི་རིགས་པ་རྟོགས་པར་བྱེད་དགོས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ། །“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།