སྐབས་ཉེར་བཞི་བའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་སུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཟི་ལིང་ནས་ཀྲུང་གོའི་ཤར་ཕྱོགས་གློག་ཆས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཡུས་ཕའེ་ཀིན་སོགས་ལ་ཐུག་འཕྲད་བྱས།
ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཡུས་ཕའེ་ཀིན་སོགས་མཚོ་སྔོན་དུ་ཡོང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་དེ་ཞིང་ཆེན་ཡོངས་ཀྱི་གོང་འོག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཡོངས་ཁྱབ་ཀྱི་ཐུན་མོང་ལྟ་ཚུལ་དུ་གྱུར་ཡོད། མཚོ་སྔོན་གྱི་ས་ཁོངས་རྒྱ་ཆེ་ཞིང་ཡུལ་ལྗོངས་ཧ་ཅང་མཛེས་ལ། ཚྭ་མཚོའི་ལིས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པས། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཁྱད་སྟོབས་ལྡན་པ་ཡིན།
མིག་སྔར་མཚོ་སྔོན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་གནད་འགག་གི་དུས་སྐབས་སུ་གནས་ཡོད། ཤར་ཕྱོགས་གློག་ཆས་སྡེ་ཚོགས་ཀྱིས་མཚོ་སྔོན་ལ་རྒྱུས་ལོན་དང་། མཚོ་སྔོན་ལ་བཀོད་སྒྲིག་གང་ལེགས་བྱེད་པ། མཚོ་སྔོན་ལ་དངུལ་གཏོང་བྱེད་པ། མཚོ་སྔོན་གྱི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ། ཕྱོགས་གཉིས་ཀྱི་ནུས་ཁུངས་སྒྲིག་ཆས་ཀྱི་བཟོ་སྐྲུན་ཇེ་ཟབ་ཏུ་གཏོང་བ། རླུང་ནུས་དང་ཉི་འོད་ནུས་པའི་ཆིང་གསོག་ནུས་ཁུངས་གསར་བ་སོགས་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པར་རོགས་རམ་བྱེད་དགོས་པའི་རེ་བ་བཏོན།
ཡུས་ཕའེ་ཀིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་བརྩེ་བ་ཆེན་པོས་སྣེ་ལེན་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་། ཤར་ཕྱོགས་གློག་ཆས་སྡེ་ཚོགས་ཀྱི་ཚན་རྩལ་གསར་གཏོད་དང་ནུས་ཁུངས་གསར་བའི་འཕེལ་རྒྱས། གྲངས་ལྡན་ཅན་གྱི་ཚུལ་བསྒྱུར་སོགས་ཐད་ཀྱི་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས། ཁོས་བསྟན་དོན། ཤར་ཕྱོགས་གློག་ཆས་སྡེ་ཚོགས་དེ་ནུས་ཁུངས་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ཁེ་ལས་སྡེ་ཚོགས་གཙོ་བོ་ཞིག་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཟུང་ནས། ཀྲུང་དབྱང་ཁེ་ལས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཐཱན་གཉིས་དམིགས་འབེན་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་ནུས་ཁུངས་གསར་བའི་ཁྱབ་ཁོངས་ནས་བརྗེ་རེས་གཏིང་ཟབ་བྱེད་པ་དང་མཉམ་ལས་གོ་སྐབས་སྔོག་འདོན་བྱས་ཏེ།མཉམ་དུ་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།
མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ལིན་ཧུའུ་དང་ཀྲུའུ་ཞང་ཧྥུན་ཐུག་འཕྲད་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།