ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྔོན་གྱི་ཐོན་ལས་དངུལ་གཏོང་མཐོ་རིམ་གླེང་སྟེགས་ཟི་ལིང་དུ་བསྡུས།
2023.07.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། “སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་དང་དངུལ་གཏོང་ལ་བརྟེན་ནས་སྐུལ་འདེད་གཏོང་བ། ནུས་སྤྲོད་ཐོན་ལས”ཞེས་པ་བརྗོད་དོན་ཡིན་པའི། ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྔོན་ཐོན་ལས་དངུལ་གཏོང་མཐོ་རིམ་གླེང་སྟེགས་ཟི་ལིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་བཅས་ཀྱི་ཚབ་བྱས་ཏེ་སྐུ་མགྲོན་ཚོར་དགའ་བསུ་ཞུས་པ་དང་། སྤྱི་ཚོགས་ལས་རིགས་སོ་སོས་དུས་ཡུན་རིང་པོའི་ནང་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་ནས་བཤད་རྒྱུར། མིག་སྔར་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་ཀྱིན་ཡོད་ལ། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ་”གྱི་འཐབ་ཇུས་གནས་བབ་སྟེང་རྐང་ཚུགས་པར་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་འབད་པས་སྐྲུན་པ་དང་། ཐོན་ལས་ཀྱི“ཁུལ་བཞི”འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་བཅས་ལ། སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དང་འཕྲད་ཡོད། ང་ཚོས་སྤྱི་ཚོགས་ལས་རིགས་ཁག་དང་མཉམ་དུ་གསར་དར་ཐོན་ལས་ཀྱི་འགྲན་ལམ་གསར་པ་དང་ཐཱན་ཟུང་འཐབ་ཇུས། ལྗང་མདོག་གློག་གི་ལེགས་ཆ། སྐྱེ་ཁམས་ཡུལ་སྐོར་སོགས་ལས་བྱུང་བའི་གོ་སྐབས་གསར་པ་མཉམ་སྤྱོད་དང་། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་བེད་སྤྱོད་དང་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་འཛུགས་སྐྲུན། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་སྐྲུན་པ། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་མཁོ་འདོན་བྱེད་ས་སྐྲུན་པ། གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོན་ལས་དངུལ་གཏོང་གི་བར་སྟོང་གསར་པ་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། “སྲིད་གཞུང་གིས་ཁྲིད་སྟོན་བྱེད་པ་དང་དངུལ་གཏོང་ལ་བརྟེན་ནས་སྐུལ་འདེད་གཏོང་བ། ནུས་སྤྲོད་ཐོན་ལས”ཞེས་པའི་ཐོན་ལས་མཉམ་བསྲེས་ཀྱི་རྣམ་པ་གསར་པ་སྐྲུན་པ། མཉམ་ལས་བརྗེ་རེས་གཏིང་ཟབ་དུ་སྤེལ་བ་བཅས་ལ་རྩེ་གཅིག་ཏུ་འབད་དེ། མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་དགོས།

ཁྲུང་ཆིང་གྲོང་ཁྱེར་གྱི་དེ་སྔའི་ཧྲི་ཀྲང་ཧོང་ཆིས་ཧྥན་དང་། རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་ཐེབས་རྩ་ལས་འཛིན་ལྷན་ཚོགས་ཀྱི་དེ་སྔའི་ལས་འཛིན་དཔོན་གཞོན་པ་ཝང་ཀྲུང་མེན། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟིའི་སྤྱི་འདོམས་པ་ཝང་ཤང་ཝུན་བཅས་ཀྱིས་སོ་སོར། 《ལྗང་མདོག་ཅན་དང་གཞི་གྲངས་ཅན། ཞབས་ཞུ་ཅན། ཚོགས་སྤྱི་ཅན་བཅས་ལ་བརྟེན་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།》ཞེས་པ་དང་།《དངུལ་རྩའི་གསོན་ཤུགས་གསར་པར་བརྟེན་ནས་ཐོན་ལས་ཀྱི་གསོན་ཤུགས་རྒྱས་པར་བྱེད་པ།》《ཚུལ་སྒྱུར་རིམ་སྤོར་དང་མཉམ་ལས་གཉིས་ཁེ་ཡོང་བར་བྱས་ནས། གང་མགྱོགས་སྒོས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་དགོས།》བཅས་བརྗོད་གཞིར་བཟུང་ནས་གཏམ་བཤད།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།