ཧི་པེ་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་དུ། ཁེ་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་དང་འབག་བཙོག་བཅོས་སྐྱོང་ལ་དམ་པོར་དམིགས་ཏེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་བརྟག་དཔྱད་ཞིབ་འཇུག་ཏན་ཏིག་བྱས་ནས། ཕྱོགས་ཡོངས་དང་ལྗང་མདོག་ཅན། ཚུལ་སྒྱུར་བཅས་ལ་སྐུལ་འདེད་གཏོང་བའི་ཐད་ཐོད་བརྒལ་གསར་པ་ཡོང་བར་བྱས།
བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཧི་པེ་ཡིས་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིབ་བཤེར་དག་ཐེར་བཅས་ཀྱི་འབྲེལ་མཐུད་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། མཉམ་འདྲེས་ནུས་ལྡན་དང་གཞི་གཅིག་ཅན་གྱི་རྣམ་པས་སྐུལ་འདེད་བཏང་།
ངར་ལྕགས་དང་སོལ་འགྱུར། ཨར་འདམ། ཤེལ་སྒོ་སོགས་གཙོ་གནད་ལས་རིགས་བདུན་ནི། ཧི་པེ་ཞིང་ཆེན་གྱི་བཟོ་ལས་ཚུལ་སྒྱུར་རིམ་སྤོར་དང་རླུང་ཁམས་ཆེན་མོའི་འབག་བཙོག་བཅོས་སྐྱོང་གི་གཙོ་གནད་ཅིག་ཡིན། གནས་བབ་གསར་པའི་འོག་ཇི་ལྟར་བྱས་པ་ཡིན་ན། གཞི་ནས་འབག་བཙོག་དངོས་པོ་ཕྱིར་འབུད་བྱེད་ཚད་རྒྱུན་མཐུད་ངང་ཇེ་དམའ་རུ་བཏང་ནས། ལྗང་མདོག་ཚུལ་སྒྱུར་འཕེལ་རྒྱས་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་ཐུབ་བམ། ཧི་པེ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ལས་ཀའི་ཆེད་དོན་འཛིན་གྲྭ་བཙུགས་ནས། ཁེ་ལས་ཀྱི་ཐོན་སྐྱེད་འཐབ་ཕྱོགས་དང་པོར་བསྐྱོད་དེ། བརྟག་དཔྱད་ཞིབ་འཇུག་བྱས་པའི་རིང་ལ། ཁེ་ལས་ཁག་གཅིག་ལ་རང་བརྟེན་བཙོག་འབུད་ཉུང་གཏོང་དང་ལྗང་མདོག་ཚུལ་སྒྱུར་གྱི་ངོས་ནས་བཤད་ན། ནང་གནས་ཀྱི་སྒུལ་ཤུགས་མི་འདང་བ་དང་ནུས་ལྡན་གྱི་ཐབས་ལམ་དཀོན་པ་སོགས་ཀྱི་གནད་དོན་ཡོད་པ་གཞི་ནས་ཤེས། སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་གནད་དོན་དེར་དངོས་སུ་ཞིབ་འཇུག་བྱེད་མགོ་བརྩམས་ཏེ། ལས་རིགས་མི་འདྲ་བར་དམིགས་ནས་རིགས་དབྱེ་མཛུབ་སྟོན་དང་ལག་རྩལ་གྱི་ཐད་ནས་ཁྲིད་སྟོན་གང་ལེགས་བྱས་ཡོད།
ཧི་པེ་ཞིང་ཆེན་གྱིས་ད་དུང་བྱེད་ཐབས་རབ་དང་རིམ་པ་དངོས་སུ་བཏོན་ཏེ། ལས་གཞིར་ཞིབ་མཆན་འགོད་པའི་གོ་རིམ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། ཁྲལ་གྲོན་ཇེ་ཡང་དང་ཇེ་ཉུང་དུ་གཏོང་བ། ནོར་སྲིད་མ་དངུལ་གྱི་བྱ་དགའ་ཁ་གསབ་སོགས་ཚུད་པའི་བྱེད་ཐབས་ཁག་གཅིག་སྤྱད་དེ། ཁེ་ལས་ཀྱིས་རང་བརྟེན་བཙོག་འབུད་ཉུང་གཏོང་ལ་རྒྱབ་སྐྱོར་བྱས་པའི་དུས་མཚུངས་སུ། གཙོ་གནད་ཁེ་ལས་དང་གཙོ་གནད་སྒྲིག་ཆས་ཀྱི་ནུས་ཁུངས་གྲོན་ཆུང་སྒྱུར་བཀོད་དང་། སྡེ་ཁག་དང་མཐུན་ཚོགས་ཀྱིས“གཅིག་གཏད་གཅིག”གི་ངོས་ནས་རོགས་སྐྱོར་མཛུབ་སྟོན་བྱེད་པ། ཁེ་ལས་ལ་ལག་རྩལ་གྱི་དཀའ་གནད་སེལ་རོགས་བཅས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།