ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་རྐང་གཉེར་དབུ་གཙོ་ཆན་ཀྲི་མིན་ལ་ཐུག་འཕྲད་བྱས།
ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཆན་ཀྲི་མིན་འཁོར་དང་བཅས་པར་དགའ་བསུ་ཞུས་ཏེ་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང་། “སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་བསྟན་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་ཐོན་ལས་ཀྱི“གནས་བཞིར”འཆར་གཞི་རྒྱ་ཆེན་པོ་བཀོད། མིག་སྔར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་བབ་བརླིང་ངང་མདུན་སྐྱོད་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་བཞིན་ཡོད། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་ཐད་ཀྱི་ལེགས་ཆ་མུ་མཐུད་དུ་འདོན་སྤེལ་གང་ལེགས་བྱས་ཏེ། སྐྱེ་ཁམས་ཀྱི་མཐོ་ས་སྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་སོགས་ཐད་མཉམ་ལས་གཏིང་ཟབ་བྱས་ནས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་ཁྱབ་ཚུལ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དགེ་མཚན་ཆེ་ལ་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་དང་སྐུལ་ཁྲིད་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་རམ་འདེགས་བཅས་བྱ་རྒྱུའི་རེ་བ་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ཁེ་ལས་ཀྱིས་མཚོ་སྔོན་དུ་མ་དངུལ་བཏང་ནས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་གང་ལེགས་བྱས་ནས། ཀྲུང་དབྱང་གི་ས་ཁུལ་མཉམ་ལས་ཀྱི་དཔེ་མཚོན་གསར་པ་བཏོད་དེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མུ་མཐུད་དུ་རྩོམ་རྒྱུ་ཡིན།
ཆན་ཀྲི་མིན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ཡུན་རིང་བོར་ཁེ་ལས་ལ་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ནས། འབྲེལ་ཡོད་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་ཁུངས་འཐབ་ཇུས་དང་སྲིད་ཇུས་གལ་ཆེན་ཆད་ལུས་མེད་པར་དོན་འཁྱོལ་བྱེད་པ་དང་། ནུས་ཁུངས་གསར་པའི་མཁོ་སྤྲོད་བསྡུ་ཉར་མ་ལག་འཛུགས་སྐྲུན་གྱི་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ། གཉིས་ཕན་གཉིས་རྒྱལ་ཡོང་བ་བཅས་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་གསར་པ་འབུལ་དགོས།
ཐུག་འཕྲད་གྲོལ་རྗེས། ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་བར་དུ། འབྲེལ་ཡོད་ལས་གཞིའི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད། ཝུའུ་ཞའོ་ཅུན་དང་ཆན་ཀྲི་མིན་གྱིས་གན་རྒྱར་མིང་རྟགས་འགོད་པའི་བྱེད་སྒོར་བདེན་དཔང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་དང་། རྒྱལ་ཁབ་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀྱི་སྤྱི་གཉེར་བ་གཞོན་པ་ཞུས་ཧྲུའུ་པེའོ་ཡིས་ཕྱོགས་གཉིས་ཀའི་ཚབ་བྱས་ནས་གན་རྒྱ་བཞག
བན་དེ་སྐྱབས་ཀྱིས་བསྒྱུར།