ཞི་ཅིན་ཕིང་གིས་མགོ་འཛིན་གནང་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་བསྡུས།
2023.07.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བདུན་པའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ལ་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་གནང་།

གྲོས་ཚོགས་ལས་ངོས་འཛིན་བྱས་དོན། ད་ལོ་ནས་བཟུང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ས་གནས་དང་སྡེ་ཁག་སོ་སོས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་སྔར་ལས་སྤྱི་འདོམས་ཡག་པོ་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་སྤྱི་འདོམས་ཡག་པོ་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་སྔར་ལས་ཡག་པོ་བྱས་ནས། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་བྱུང་བ་དང་སྤྱིའི་ཆ་ནས་འཕེལ་རྒྱས་ཀྱི་རྣམ་པ་མངོན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ། ཐོན་ལས་རིམ་སྤོར་ལ་ཕན་འབྲས་ཐོན་པ། འབྲུ་རིགས་ནུས་ཁུངས་བདེ་འཇགས་ལ་འགན་ལེན་བཅས་བྱས་ནས། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པར་གྱུར་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་ཆེད་རྨང་གཞི་བཟང་པོ་བཏིང་ཡོད།

གྲོས་ཚོགས་ལས་བསྟན་དོན། མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ཐད་དཀའ་ངལ་དང་འགྲན་སློང་གསར་པ་འཕྲད་ཡོད་པ་དང་། རྒྱལ་ནང་གི་དགོས་མཁོ་མི་འདང་བ་དང་། ཁེ་ལས་ཁག་གཅིག་གི་གཉེར་སྐྱོང་ལ་དཀའ་ངལ་ཆེ་བ། གཙོ་གནད་ཁྱབ་ཁོངས་ཁྲོད་དུ་ཉེན་ཁ་དང་འགལ་རྐྱེན་ཅུང་མང་བ། ཕྱི་ཕྱོགས་ཁོར་ཡུག་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བ་བཅས་ནི་གཙོ་བོ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་བརྟན་པོ་བྱུང་རྗེས། དཔལ་འབྱོར་སླར་གསོ་བྱ་རྒྱུ་ནི་རླབས་རིས་ནང་བཞིན་གཅིག་རྗེས་གཅིག་གིས་འདེད་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་དང་ཀྱག་ཀྱོག་རྣམ་པའི་མདུན་སྐྱོད་ཀྱི་གོ་རིམ་ཞིག་ཡིན། རང་རྒྱལ་གྱི་དཔལ་འབྱོར་ལ་འཕེལ་རྒྱས་ཀྱི་མཉེན་ཤུགས་དང་གཏིང་ཤུགས་ཆེན་པོ་ལྡན་ཡོད་ཅིང་། ཡུན་རིང་བཟང་ཕྱོགས་སུ་འཕེལ་གྱིན་པའི་གཞི་རྩའི་གནས་ཚུལ་ལ་འགྱུར་བ་བྱུང་མེད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་འཕྱུགས་མེད། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་ངང་སྐྲུན་པ་དང་། བཅོས་སྒྱུར་སྒོ་འབྱེད་ལ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། སྤྱི་ཁོག་སྲིད་ཇུས་ཀྱི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་སྐྱེད་པ་དང་ཡིད་ཆེས་ཆེ་རུ་གཏོང་བ། ཉེན་ཁ་སྔོན་འགོག་བཅས་བྱས་ནས། དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་། ནང་གནས་ཀྱི་སྒུལ་ཤུགས་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། སྤྱི་ཚོགས་ཀྱི་སྔོན་དཔག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། ཉེན་ཁ་དང་འགལ་རྐྱེན་རིམ་པར་སེལ་བ་བཅས་བྱས་མཐར། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། སྲིད་ཇུས་ཀྱི་བར་སྟོང་བེད་སྤྱོད་ཡག་པོ་གཏོང་བ་དང་། ཤུགས་རྒྱག་ཕྱོགས་འཕྱུགས་མེད་ངང་བཙལ་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། གནད་འཁེལ་དང་ནུས་ལྡན་གྱི་སྒོ་ནས་སྤྱི་ཁོག་སྙོམས་སྒྲིག་ལག་བསྟར་བྱེད་པ་དང་། ལྡོག་པའི་འཁོར་ཡུན་སྙོམས་སྒྲིག་དང་སྲིད་ཇུས་གསོག་འཇོག་ལ་ཤུགས་སྣོན་རྒྱག་དགོས། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་གཟབ་བརླིང་བརྟན་གསུམ་གྱི་དངུལ་ལོར་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ། ཁྲལ་འཕྲི་དངུལ་གཅོག་གི་སྲིད་ཇུས་རྒྱུན་མཐུད་དང་ཇེ་ལེགས་སུ་གཏོང་བ། དེ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བཅས་བྱས་ཏེ། བསྡོམས་འབོར་དང་གྲུབ་ཚུལ་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཚན་རྩལ་གསར་གཏོད་དང་དངོས་ཕུང་དཔལ་འབྱོར། ཁེ་ལས་ཆུང་འབྲིང་དང་ཆེས་ཆུང་གྲས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་དེ་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་སྟེང་དུ་རྩ་བའི་ཆ་ནས་བརྟན་པོ་ཡོང་བར་རྒྱུན་འཁྱོངས་བྱེད་དགོས། མ་རྩའི་ཁྲོམ་ར་ཇེ་འཛོམས་སུ་བཏང་ནས་དངུལ་གཏོང་མཁན་གྱི་ཡིད་ཆེས་འཕེལ་བར་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གྲོང་མིའི་ཡོང་འབབ་ཇེ་མང་དུ་བཏང་ནས་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། མཐའ་སྣེའི་དགོས་མཁོར་བརྟེན་ནས་ནུས་ལྡན་མཁོ་སྤྲོད་ལ་སྐུལ་ཁྲིད་བྱེད་པ་བཅས་བྱས་ཏེ། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས། རླངས་འཁོར་དང་གློག་རྡུལ་ཐོན་རྫས། ཁྱིམ་ཆས་སོགས་འཛད་སྤྱོད་འབོར་ཆེན་བྱས་ནས། ལུས་རྩལ་སྤྲོ་གསེང་དང་རིག་གནས་ཡུལ་སྐོར་སོགས་ཞབས་ཞུའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས། སྲིད་གཞུང་གིས་མ་དངུལ་གཏོང་བར་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་སྔར་ལས་གང་ལེགས་བཏོན་ནས། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་འགྲེམས་སྤེལ་དང་བེད་སྤྱོད་བྱེད་རྒྱུ་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། དམངས་ཁྲོད་ནས་མ་དངུལ་འཇོག་པར་སྐུལ་སྤེལ་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་གཏན་འབེབས་དང་དངོས་སུ་འདོན་དགོས། ཐབས་མང་མཉམ་སྤྱོད་ཀྱིས་ཕྱི་ཕྱོགས་ཉོ་ཚོང་གི་གཞི་རྩའི་དངུལ་ལོར་བརྟན་པོ་ཡོང་བར་བྱེད་དགོས། རྒྱལ་སྤྱིའི་དུས་གཏན་གནམ་གྲུ་གཏོང་ཐེངས་སྔར་ལས་ཇེ་མང་དུ་བཏང་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་དུས་གཏན་མེ་འཁོར་བརྟན་པོའི་ངང་ཤར་གཏོང་ཐུབ་རྒྱུར་འགན་ལེན་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ལྡན་དུ་གཏོང་བ་དང་། ཀ་བ་དང་གདུང་མ་ལྟ་བུའི་ཐོན་ལས་སྔར་ལས་ཇེ་མང་དུ་གཏོང་དགོས། གཞི་གྲངས་དཔལ་འབྱོར་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས། དེང་རབས་ཞབས་ཞུའི་ལས་རིགས་བཅས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས། མིས་བཟོས་རིག་ནུས་བདེ་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ལས་སྟེགས་ཁེ་ལས་ཚད་ལྡན་དང་སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”རྒྱུན་འཁྱོངས་བྱས་ཏེ། རྒྱལ་དབང་ཁེ་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཁོར་ཡུག་ཇེ་ལེགས་སུ་ཏན་ཏིག་གཏོང་དགོས། གྲོན་དངུལ་གང་བྱུང་དུ་བསྡུ་བ་དང་དངུལ་ཆད་གང་བྱུང་དུ་གཅོད་པ། འཁྲི་འགེལ་གང་བྱུང་དུ་རྒྱག་པ་བཅས་ཀྱི་གནད་དོན་ལ་བཅོས་སྐྱོང་མཐའ་གཅིག་ཏུ་བྱས་ནས། སྲིད་གཞུང་གིས་ཁེ་ལས་ཀྱི་རྩིས་ཐོ་དང་གྲོན་དངུལ་འགོར་འགྱངས་བྱེད་པའི་གནད་དོན་ཐག་གཅོད་བྱེད་དགོས། ཁེ་ལས་དང་རྒྱུན་རྣམ་ཅན་གྱི་འབྲེལ་མཐུད་བརྗེ་རེས་ལམ་སྲོལ་འཛུགས་པ་དང་དེ་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཁེ་ལས་ཀྱིས་ལས་ཀ་སྒྲུབ་ཕོད་པ་དང་མ་དངུལ་གཏོང་ཕོད་པ། ཉེན་ཁ་འཁུར་ཕོད་པ་བཅས་བྱས་ནས་ཁྲོམ་ར་འབད་པས་སྐྲུན་རྒྱུར་སྐུལ་ལྕག་གཏོང་དགོས། ཆ་རྐྱེན་འཛོམས་པའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་རང་མོས་ཉོ་ཚོང་གྲུ་ཁ་གཉིས་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་སྦྲེལ་མཐུད་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། བཅོས་སྒྱུར་སྒོ་འབྱེད་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་བློ་རྩེ་གཅིག་སྒྲིམ་གྱིས་ལེགས་པར་གཉེར་དགོས།

གྲོས་ཚོགས་ལས་བསྟན་དོན། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དོགས་ཟོན་དང་སེལ་བ་དང་། རང་རྒྱལ་གྱི་ས་ཁང་བདག་ཁོངས་ཁྲོམ་རའི་མཁོ་སྤྲོད་འབྲེལ་བར་འགྱུར་ལྡོག་གལ་ཆེན་བྱུང་བའི་གནས་བབ་གསར་པ་དང་འཚམ་པར་བྱེད་པ། ས་ཁང་བདག་ཁོངས་ཀྱི་སྲིད་ཇུས་ལེགས་སྒྲིག་དང་ཇེ་ལེགས་སུ་གཏོང་བ། གྲོང་ཁྱེར་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་དང་སྲིད་ཇུས་ཀྱི་ཡོ་བྱད་སྒམ་ཡག་པོ་སྤྱོད་པ་བཅས་བྱས་ཏེ། གྲོང་མིའི་འགྱུར་མེད་རང་བཞིན་དང་ལེགས་བཅོས་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོ་སྔར་ལས་བསྐངས་ནས། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་ནང་གི་གྲོང་ཚོ་བསྒྱུར་བཀོད་དང་“མྱུར་མཁོ་ཉིས་སྤྱོད”ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། བེད་མེད་དུ་བཞག་པའི་ཁང་པ་སྣ་ཚོགས་གང་འགབ་ཅི་སྤྱོད་བྱེད་པ་བཅས་བྱ་དགོས། ས་གནས་ཀྱི་བུ་ལོན་གྱི་ཉེན་ཁ་ཕན་ནུས་ལྡན་པའི་སྒོ་ནས་འགོག་ཟོན་དང་འདུམ་སེལ་བྱེད་པ་དང་། བུ་ལོན་ཆ་ཚང་ཅན་གྱི་ཇུས་གཞི་གཏན་འབེབས་དང་ལག་བསྟར་བྱེད་དགོས། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། ཉེན་ཁ་ཆེ་བའི་དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་བཅོས་སྒྱུར་གྱི་ཉེན་ཁ་བརྟན་པོའི་ངང་སེལ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དམངས་ཚིས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། ལས་ཞུགས་བརྟན་པོ་ཡོང་བར་བྱ་རྒྱུ་དེ་འཐབ་ཇུས་ཀྱི་མཐོ་ཚད་དུ་བཞག་ནས་ཁྱོན་ཡོངས་ལ་བསམ་གཞིག་བྱས་ཏེ། གཞི་རིམ་གྱི“འགན་སྲུང་གསུམ”གྱི་ཚད་མཐའ་དོན་འཁྱོལ་ནན་མོ་བྱས་ནས། ཡོང་འབབ་འབྲིང་གྲས་ཡིན་པའི་ཚོགས་སྤྱི་རྒྱ་སྐྱེད་གཏོང་དགོས། རྨོ་ཞིང་སྲུང་སྐྱོབ་དང་སྤུས་ཚད་མཐོར་གཏོང་ལ་ཤུགས་སྣོན་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བདེ་འཇགས་དོན་རྐྱེན་ཚབས་ཆེན་མི་འབྱུང་བར་དོགས་ཟོན་མཐའ་གཅིག་ཏུ་བྱས་ནས། དབྱར་ཁའི་ནུས་ཁུངས་གློག་ཤུགས་མཁོ་འདོན་ལ་འགན་ལེན་གང་ལེགས་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བ་གོ་སྐབས་སུ་བརྩིས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཡང་དག་པའི་སྲིད་དོན་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་རྒྱུའི་ཐད་ནས་སློབ་གསོ་ཁྲིད་སྟོན་གང་ལེགས་བྱས་ཏེ། ལས་སྒྲུབ་ལས་སྐྲུན་གྱི་ཧུར་བརྩོན་རང་བཞིན་སྔར་ལས་འཕེལ་བ་བྱས་ནས། འགན་འཁུར་ཕོད་པ་དང་མཁྲེགས་གཏོར་དཀའ་སེལ་བྱེད་ཕོད་པའི་ཕུལ་བྱུང་ལས་བྱེད་པར་གཟེངས་སུ་ཐོན་ཐུབ་པར་བྱེད་པ་དང་། ལེགས་སྐྱེས་གང་མང་འབུལ་ཐུབ་པར་བྱས་ཏེ། ཉམས་སྣང་གསར་པ་དང་བྱེད་ཕྱོགས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་ཐོབ་པར་བྱེད་དགོས།

ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།