ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧེ་ནས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་ལོ་མཇུག་གི་དཔལ་འབྱོར་བྱ་བའི་ཐད་ནས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་གྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འགོ་འཛིན་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་ནས་བསྟན་དོན། ལོ་མཇུག་གི་དཔལ་འབྱོར་བྱ་བ་བཟང་བོར་སྒྲུབ་དགོས་ན་གཏན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་ལ་བརྩོན་པའི་བྱ་བའི་སྤྱིའི་གཞི་གདང་རྒྱུན་འཁྱོངས་བྱེད་པ་དང་། ཆ་ཚང་དང་ཡང་དག ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། ཁྱོན་ཡོངས་ནས་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། ཆེ་ཕྱོགས་སྲིད་ཇུས་ཀྱི་མཐུན་སྦྱོར་སྙོམས་སྒྲིག་ཤུགས་ཚད་ཇེ་ཆེར་གཏོང་བ། ནང་མཁོ་རྒྱ་སྐྱེད་པ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཉེན་ཁ་སྔོན་འགོག་བྱེད་པར་ཤུགས་བསྣན་ནས་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བ་དང་ནང་གནས་སྒུལ་ཤུགས་མུ་མཐུད་དུ་ཇེ་ཆེར་འགྲོ་བ། སྤྱི་ཚོགས་ཀྱི་སྔོན་དཔག་དུས་ཡུན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བ། ཉེན་ཁའི་མངོན་མེད་རྐྱེན་ངན་མུ་མཐུད་དུ་མེད་པར་གཏོང་བ་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་གྱི་སྤུས་ཀ་དང་གྲངས་འབོར་གཉིས་ཚད་མཐུན་འཕར་སྣོན་འབྱུང་བར་ཡར་སྐུལ་གཏོང་དགོས་ཞེས་གསུངས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་ཚེ་ཆི། ཏིན་ཞོའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས། ལི་ཆང་གིས་ཀྲུང་གུང་ཀྲུང་གི་མངགས་བཅོལ་ལྟར་ལོ་སྟོད་ཀྱི་དཔལ་འབྱོར་བྱ་བའི་འབྲེལ་ཡོད་གནས་ཚུལ་ཁྱབ་སྒྲོག་བྱས་པར་མ་ཟད། ལོ་སྨད་ཀྱི་དཔལ་འབྱོར་བྱ་བའི་འབྲེལ་ཡོད་བསམ་བཞིགས་མཚམས་སྦྱོར་གནང་།
བཞུགས་མོལ་ཚོགས་འདུའི་སྟེང་ཀྲུང་གོའི་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཀྲིན་ཅན་པང་དང་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ཏིན་ཀྲུང་ལི། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མེན་ཅིན། དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཚེ་ཏ་ཧྥིན། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧི་ཝེ། ཀྲི་གུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙོ་ཅོན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝེ་ཧྭ། ཐེ་ཝན་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧོའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡོན་ལུང་། ཏང་ཁག་གང་ལའང་མི་གཏོག་པའི་མི་སྣའི་འཐུས་མི་ཧྥན་ཅེ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད། ཁོ་ཚོ་ཀྲུང་གུང་ཀྲུང་དབྱང་གིས་དེང་སྐབས་ཀྱི་རང་རྒྱལ་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་དང་ལོ་སྨད་ཀྱི་དཔལ་འབྱོར་བྱ་བར་འཆར་འགོད་བསམ་གཞིགས་བཏང་བར་ཡོངས་སུ་འཐད་པ་པར་མ་ཟད། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་ཡར་སྐུལ་གཏོང་བ་དང་དྲ་རྒྱའི་སྣང་ཚུལ་མི་ལེགས་པ་བཅོས་སྐྱོང་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ། མིའི་བཟོས་རིག་ནུས་ཀྱི་གསར་སྐྲུན་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཁེ་ལས་མུ་འབྲེལ་དང་ཤེས་ལྡན་པའི་མུ་འབྲེལ་མཉམ་འདྲེས་བྱེད་པར་ཤུགས་སྣོན་པ། སྐྱེ་དངོས་སྨན་རྫས་ཐོན་ལས་འཕེལ་རྒྱས་སུ་གཏོང་ཤུགས་ཇེ་མགྱོགས་སུ་གཏོང་བ། གསར་དར་འཛད་སྤྱོད་འཕེལ་རྒྱས་ལ་ཤུགས་སྣོན་པ། བཟོ་སྐྲུན་ལས་རིགས་ཀྱི་ཚན་རྩལ་གསར་སྐྲུན་སྟེག་བུ་འཛུགས་སྐྲུན་བྱེད་པར་གཅིག་གྱུར་མཐུན་སྦྱོར་བྱེད་པ། ལུས་རྩལ་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། གཙོ་རྟེན་ཐོན་ལས་གསར་བ་གསོ་སྐྱོང་བྱེད་པར་ཤུགས་འདོན་པ། གསར་སྐྲུན་མུ་འབྲེལ་དང་ཐོན་ལས་མུ་འབྲེལ་གཉིས་མཉམ་སྒྲུབ་བྱེད་པ་སོགས་ཐད་ནས་བསམ་འཆར་དང་གྲོས་གཞི་བཏོན།
ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས་གསུང་བཤད་གལ་ཆེན་གནང་ནས། ཚང་མས་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་ཡག་པོ་མང་པོ་བཏོན་ཡོད། ང་ཚོས་ཞིབ་འཇུག་ནན་ཏན་བྱས་ནས་དང་ལེན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་ད་ལོའི་ལོ་སྟོད་དུ། ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཏུ། ས་གནས་དང་སྡེ་ཁག་སོ་སོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་སྤྱི་འདོམས་ཡག་པོ་བྱས་པ་དང་། སྤྱི་ཁོག་སྲིད་ཇུས་མདུན་དུ་འཕེལ་བར་མཉམ་དུ་ཤུགས་བསྣན་པ། རྒྱལ་དམངས་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་བྱུང་བ་དང་འཁོར་སྐྱོད་རྣམ་པ་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། ཐོན་ལས་རིམ་སྤོར་གྱི་ཕན་འབྲས་མངོན་གསལ་ཅན་དུ་གྱུར་བ། བཅོས་སྒྱུར་སྒོ་འབྱེད་ཀྱི་ཐད་ནས་གོམ་སྟབས་གསར་པ་སྤོས་པ། འབྲུ་རིགས་དང་ནུས་ཁུངས་བདེ་འཇགས་ཐད་འགན་ལེན་ནུས་ལྡན་བྱས་པ། དམངས་ཚིས་འགན་ལེན་ནུས་ལྡན་བྱས་པ། གྲོང་མིའི་ཡོང་འབབ་འཕར་བ་དང་དཔལ་འབྱོར་འཕར་རྒྱུ་གཞི་རྩའི་ཆ་ནས་གོམ་སྟབས་གཅིག་མཐུན་བྱུང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་བཅས་བྱས། རང་རྒྱལ་གྱི་དཔལ་འབྱོར་སླར་གསོ་ཡོང་ཚད་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཕུང་ཁྲོད་སྔོན་ཐོན་གྱི་གནས་བབ་ཏུ་གནས་པ་དང་། དུས་ཡུན་རིང་པོའི་ནང་ལེགས་པའི་ཕྱོགས་སུ་སྐྱོད་པའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་ལ། འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་པོ་ལྡན་ཞེས་གསུངས།
ཞི་ཅིན་ཕིང་གིས་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ལ་འཕྲད་པའི་མངོན་གསལ་ཅན་གྱི་འགལ་ཟླ་དང་གནད་དོན་ལ་དམ་པོར་དམིགས་ཏེ། སྤྱི་ཁོག་སྲིད་ཇུས་ཀྱི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱིའི་དགོས་མཁོ་རྒྱ་སྐྱེད་གང་ལེགས་གཏོང་བ་དང་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བཅོས་སྒྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་སྒོ་འབྱེད་ཁྱབ་རྒྱ་ཆེ་རུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་ནུས་ལྡན་ངང་སེལ་བ། དམངས་ཚིས་འགན་ལེན་དང་ལེགས་གཏོང་ལས་དོན་ཏན་ཏིག་ངང་སྒྲུབ་པ། དཔལ་འབྱོར་རྒྱུན་མཐུད་ངང་འཕར་སྣོན་དང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལོ་ཧྲིལ་པོའི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་གང་ལེགས་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ད་ལོའི་ལོ་སྟོད་དུ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་། འཛད་སྤྱོད་སླར་གསོ་དང་རྒྱ་བསྐྱེད། གཞི་གྲངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གང་མགྱོགས་བཏང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་གཙོ་གནད་ཐོན་ལས་ཕྲེང་འབྲེལ་ཇེ་ལེགས་སུ་གཏོང་བ་དང་། དེའི་རིམ་སྤོར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམིགས་བཙུགས་ནས་བརྟག་ཞིབ་གཏིང་ཟབ་དང་ཐབས་ཇུས་བཏོན་པ་དང་། སྟབས་བསྟུན་ནུས་ཆེ་ཡི་སྒོ་ནས་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་དམངས་གཙོའི་ངང་ནས་ལྟ་སྐུལ་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད་པར་བརྟེན། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་དེ་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།
ཞི་ཅིན་ཕིང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མ་གཏོགས་པའི་མི་སྣ་བཅས་ལ་རེ་བ་གསུམ་བཏོན་ཡོད་དེ། གཅིག་ནས་བསམ་བློ་གཅིག་གྱུར་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས། བསམ་བློ་དང་བྱ་སྤྱོད་དེ་ཀྲུང་གུང་ཀྲུང་དབྱང་གི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པའི་སྟེང་ནས་སྔར་ལས་གཅིག་གྱུར་ཡོང་བར་བྱས་ཏེ། ཀྲུང་གུང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ལ་ཁྱོན་ཡོངས་ནས་བསམ་ཤེས་དང་སྟངས་འཛིན་ཡང་དག་བྱས་ཏེ། མཉམ་དུ་མདུན་སྐྱོད་བྱེད་པའི་སྐབས་སུ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བར་བྱེད་དགོས་པ་དང་། གཉིས་ནས་རང་འགན་གཙང་ལེན་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ །དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་དམ་པོར་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་དགོས། གསུམ་ནས་ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། ཏང་དང་སྲིད་གཞུང་ལ་དོགས་གཞི་སེལ་རོགས་བྱེད་པ། སྔོན་དཔག་ལ་ཁྲིད་སྟོན་བྱེད་པ། ངོས་འཛིན་གཅིག་མཐུན་ཡོང་བར་བྱེད་པ། དམངས་གཉེར་དཔལ་འབྱོར་མི་སྣར་བསམ་བློ་ཆབ་སྲིད་ཀྱི་ངོས་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བཅས་བྱས་ནས། ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། གཉེར་སྐྱོང་རང་བདག་འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་ལས་འཕེལ་བར་བྱེད་དགོས་ཞེས་གསུངས།
ཧྲི་ཐའེ་ཧྥུན་དང་ལིའུ་གོ་ཀྲུང་། ཧི་ལིས་ཧྥུན། ཀྲང་གོ་ཆིན། ཝུའུ་ཀྲིན་ལུང་བཅས་དང་། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས།
བཞུགས་མོལ་ཚོགས་འདུར་ཞུགས་མཁན་གྱི་ཏང་ཕྱིའི་མི་སྣར་ད་དུང་ཧྲའོ་ཧུང་དང་ཧི་པོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན། ཀྲང་ཨེན་ཏིས། ལིས་ཡུས་ཧྥུན། ཧྥང་ཀོང་ཧྭ། དབྱང་ཝུན་ལིའང་སོགས་ཡོད།
དཔའ་བརྟན་རྒྱལ་དང་བན་དེ་སྐྱབས་ཀྱིས་བསྒྱུར།