ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་བཞི་ཉིན་བར། ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་གྲོང་གསེབ་དར་སྤེལ་ཅུའུ་ཡི་ཅུའུ་ཀྲང་ལིའུ་ཧྭན་ཞིན་གྱིས་རྟོག་ཞིབ་ཚན་ཁག་གི་སྣེ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ནུས་ཡོད་སྦྲེལ་མཐུད་བྱེད་པའི་བྱ་བར་རྟོག་ཞིབ་བྱས། ཚེས་ཉེར་བཞི་ཉིན། ཞིང་ལས་ཞིང་སྡེ་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་བྱེད་པ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྦྲེལ་མཐུད་བྱ་བའི་འབྲེལ་མཐུད་གྲོས་ཚོགས་བསྡུས། ལིའུ་ཧྭན་ཞིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
ལིའུ་ཧྭན་ཞིན་གྱིས་མཚོ་སྔོན་གྱིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྦྲེལ་མཐུད་བྱེད་པར་སྐུལ་འདེད་ནན་མོ་བཏང་བ་དང་། དཔྱད་འཇོག་ཕྱིར་ལྡོག་གནད་དོན་དག་ཐེར་ལེགས་བཅོས་བྱ་བ་ཏན་ཏིག་གིས་སྤེལ་བར་ཁས་ལེན་གང་ལེགས་བྱས།
ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་གཏོང་བ་དང་རྒྱ་བསྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྦྲེལ་མཐུད་བྱེད་པའི་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་བླང་བྱ་གལ་ཆེན་ཟུང་འབྲེལ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་རྒྱུ་དམ་འཛིན་བྱས་ཏེ་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། རིམ་པ་སོ་སོའི་ཏང་ཨུའི་ཞིང་སྡེ་བྱ་བའི་འགོ་ཁྲིད་ཚན་ཆུང་། འབྲེལ་ཡོད་ལས་རིགས་སྡེ་ཁག་དང་སྡེ་སྡོད་ལས་བྱེད་པ་སོགས་ཕྱོགས་སོ་སོའི་འགན་འཁྲི་ཇེ་ཞིབ་ཇེ་དམ་དུ་གཏོང་དགོས། སྲིད་ཇུས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱས་ཏེ་འགན་སྲུང་གསུམ་དང་འཐུང་ཆུའི་བདེ་འཇགས། དབུལ་ཐར་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས། དབུལ་ཐར་མི་གྲངས་ཀྱི་ལས་ཞུགས་བཅས་སྦྲེལ་མཐུད་བྱེད་པ་དང་། རྒྱལ་ཁབ་གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་གཙོ་བོར་རྒྱབ་སྐྱོར་དང་དེ་མིན་གསར་དུ་བཏོན་པའི་སྲིད་ཇུས་དོན་འཁྱོལ་བཟང་བོ་བྱེད་དགོས། བྱ་བ་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱས་ཏེ་ཕྱིར་དབུལ་བོར་འགྱུར་བར་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར། ཡུལ་གཞན་གནས་སྤོར་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར། དབུལ་ཐར་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས། དེ་མིན་དབུར་ཐར་མི་གྲངས་གཏན་འཇགས་ངང་ལས་ཞུགས་བྱེད་པ། དབུལ་སྐྱོར་ལས་གཞིའི་དངུལ་རྩའི་རྗེས་མཐུད་དོ་དམ། དབུལ་ཐར་ས་ཁུལ་གྱི་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་གི་འབྲེལ་ཡོད་བྱ་བའི་བཀོད་སྒྲིག་འཕེལ་རིམ། ཞིང་སྡེའི་ཡོང་འབབ་དམའ་བའི་མི་གྲངས་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སོགས་ལས་དོན་དོན་འཁྱོལ་བྱེད་པར་ཤུགས་སྣོན་དགོས། ཕན་འབྲས་སྲ་བརྟན་དུ་གཏོང་རྒྱུ་དམ་འཛིན་བྱས་ཏེ། དབུལ་ཐར་མི་གྲངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་དང་དབུལ་ཐར་ས་ཁུལ་གྱི་ཞིང་བའི་མི་རེའི་ཆ་སྙོམས་བཀོལ་ཆོག་པའི་ཡོང་སྒོའི་འཕར་ཚད་རྒྱལ་ཡོངས་དང་ཞིང་ཆེན་རང་གི་ཞིང་བ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་པའི་ཡོང་སྒོའི་འཕར་ཚད་ལས་མཐོ་བར་སྐུལ་འདེད་གཏོང་བ་དང་། དབུལ་ཐར་ཁྱིམ་ཚང་དང་ཕྱིར་དབུལ་བོར་འགྱུར་བར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་བྱེད་ཡུལ་གྱི་འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་དང་འཐུང་ཆུའི་བདེ་འཇགས་བཅས་ཀྱི་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་སྲ་བརྟན་མཐོར་འདེགས་ཡོང་རྒྱུ་བརྩོན་ལེན་བྱེད་པ། དབུལ་ཐར་ས་ཁུལ་གྱི་མང་ཚོགས་རྣམས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པའི་ཐད་ཀྱི་ཁས་ལེན་བྱེད་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་ཡོང་རྒྱུ་བརྩོན་ལེན་བྱེད་དགོས། ཞིང་ལས་ཞིང་སྡེ་པུའུ་ཡིས་མཚོ་སྔོན་གྱི་རྒྱབ་སྐྱོར་ཤུགས་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པའི་ཐད་གྲུབ་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་ངེས་ཡིན།
ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི་ཚབ་བྱས་ཏེ་རྟོག་ཞིབ་ཚན་ཆུང་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་དང་ལག་བསྟར་ནན་མོ་བྱེད་པ་དང་། རྟོག་ཞིབ་ཚན་ཆུང་གི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ་ཚད་མཐའ་སྲུང་བ་དང་འཕེལ་རྒྱས་འཛིན་པ། དར་སྤེལ་སྐུལ་བ་བཅས་གཅིག་བསྡུས་བྱས་ནས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྦྲེལ་མཐུད་བྱེད་པའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་མུ་མཐུད་དུ་སྐུལ་འདེད་གཏོང་ངེས། ཕྱོགས་སོ་སོའི་འགན་འཁྲི་དོན་འཁྱོལ་བྱེད་པར་ཤུགས་སྣོན་པ་དང་། འགན་སྒྲུབ་ཁྲིད་ཕྱོགས་ཇེ་ལེགས་སུ་གཏོང་བ་དང་འགན་སྒྲུབ་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། འགན་སྒྲུབ་མཉམ་ཤུགས་གྲུབ་པར་བྱེད་པ་བཅས་བྱས་ཏེ་ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲི་དང་སྡེ་ཁག་གི་འགན་འཁྲི། སྡེ་སྡོད་རོགས་སྐྱོར་འགན་འཁྲི་བཅས་སྔར་ལས་ཇེ་དྲག་ཏུ་འགྲོ་བར་སྐུལ་འདེད་གཏོང་དགོས། དབུར་ཐར་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ཤུགས་བསྣན་ནས་ལས་ཞུགས་རོགས་སྐྱོར་དམ་པོར་འཛིན་པ་དང་། ཐོན་ལས་ཀྱིས་ཡོང་སྒོ་ཇེ་མང་དུ་འགྲོ་བར་སྐུལ་ཁྲིད་བྱེད་པའི་ནུས་པ་སྔར་ལས་འདོན་སྤེལ་བཟང་བོ་བྱེད་པ། རོགས་སྐྱོར་རྫོང་གཙོ་བོ་དང་ཡུལ་གཞན་གནས་སྤོར་གྱི་གཅིག་བསྡུས་བཀོད་སྒྲིག་ཁུལ། དེ་མིན་ཡོང་འབབ་ཅུང་དམའ་བ་དང་ཡོང་འབབ་ཇེ་དམར་འགྲོ་བཞིན་པའི་དབུལ་ཐར་མི་གྲངས་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་གཏོང་དགོས། ཕྱིར་དབུལ་བོར་འགྱུར་བར་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་རོགས་སྐྱོར་ཐད་གནད་ཕིགས་ཇུས་འདོན་བྱས་ཏེ་རྒྱུན་རྣམ་ཅན་གྱི་བྱ་བའི་ནང་རྐྱེན་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་རོགས་སྐྱོར་གྱི་དུས་ཐོག་རང་བཞིན་དང་དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་མཐོར་འདེགས་གཏོང་དགོས། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་གསོ་སྐྱོང་དང་སྟོབས་ལྡན་དུ་གཏོང་བའི་ཐད་རྒྱུན་ཆད་མེད་པར་ཤུགས་བསྣན་ནས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་བཟང་བོར་གཉེར་བ་དང་། ཞིང་ལས་མཉམ་འབྲེལ་གྱིས་ཞིང་ལས་ལ་སྐུལ་ཁྲིད་དང་ཁེ་ཕན་མཉམ་འབྲེལ་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ་རོང་འབྲོག་མང་ཚོགས་ལ་ཁེ་ཕན་མང་པོ་ཐོབ་ཏུ་འཇུག་དགོས། ལས་གཞིའི་མ་དངུལ་གྱི་ལྟ་སྐུལ་དོ་དམ་དང་བཀོལ་སྤྱོད་ཐད་ཤུགས་བསྣན་ནས་རིགས་སོ་སོའི་མ་དངུལ་ནུས་ཡོད་དང་གོ་རིམ་ལྡན་པའི་སྒོ་ནས་གཏོང་བ་དང་། བདེ་འཇགས་དང་ཚད་ལྡན་སྒོས་བཀོལ་སྤྱོད་བྱེད་པ། ཕན་འབྲས་ཕྱོགས་ཡོངས་ནས་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། བདེ་སྡོད་ལས་བརྩོན་དང་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་ཐད་ཤུགས་བཏོན་ཏེ་བཟོ་སྐྲུན་སྟོང་ཁྲིའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་ཐད་གྲུབ་འབྲས་གསར་པ་དང་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་ཏན་ཏིག་བཏང་སྟེ་ཧུར་ཐག་གིས་ཏང་ཀྲུང་དབྱང་སེམས་བདེ་བ་དང་མི་དམངས་མང་ཚོགས་ཡིད་ཚིམས་པའི་རྒྱུགས་ལན་བཟང་བོ་སྤྲོད་དགོས།
མཚོ་སྔོན་དུ་སྡོད་པའི་སྐབས་སུ། ལིའུ་ཧྭན་ཞིན་སོགས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་འདུ་རྫོང་དང་ཡུས་ཧྲུའུ་གྲོང་ཁྱེར། འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་བཅས་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་། དེ་མིན་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་བཅས་སུ་སོང་ནས་ཕྱིར་དབུལ་བོར་འགྱུར་བར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་རོགས་སྐྱོར་དང་དབུལ་ཐར་མི་གྲངས་ཀྱི་ཡོང་འཕར། ཐོན་ལས་རོགས་སྐྱོར། ལས་ཞུགས་རོགས་སྐྱོར། སྡེ་སྡོད་རོགས་སྐྱོར། ཡུལ་གཞན་གནས་སྤོར་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར། གྲོང་གསེབ་དར་སྤེལ། གྲོང་གསེབ་བཅོས་སྐྱོང་སོགས་བྱ་བར་རྟོག་ཞིབ་ཟབ་མོ་བྱས་པ་དང་། གཞི་རིམ་ལས་བྱེད་པའི་བསམ་འཆར་དང་གྲོས་གཞི་ལ་ཉན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གོང་གི་བྱ་འགུལ་ལ་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།