ཟླ་བདུན་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞང་ཀང་གི་ཕྱིར་སྡོད་རང་མིའི་སློབ་འབྲིང་གི་མཐོ་རིམ་ལོ་རིམ་དང་པོའི་སློབ་མ་ཡོངས་ལ་ཡིག་ལན་བསྐུར་ནས། ཁོ་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་།
ཞི་ཅིན་ཕིང་གིས་རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་སྲོག་ཤིང་ཡིན་པ་དང་། རྒྱ་ཆེའི་ཞང་ཀང་སྤུན་ཟླར་རྒྱལ་གཅེས་ཀང་གཅེས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཡོད་པ་དེ་ནི། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བརྟན་པོའི་ངང་ཡུན་རིང་ལག་ལེན་དུ་བསྟར་བའི་རྨང་གཞི་གལ་ཆེན་ཞིག་ཡིན། ཁྱོད་ཚོས་དཔེ་དེབ་ཁྲི་སྟོང་ཀློག་པ་དང་ལེ་དབར་ཁྲི་ཡི་བགྲོད་ལམ་སྟེང་བསྐྱོད་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མེས་རྒྱལ་གྱི་ལོ་རྒྱུས་རིག་གནས་དང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་ཤེས་རྟོགས་གཏིང་ཟབ་བྱེད་པ། ཁྱིམ་གཞིས་དང་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་ཤེས་རྟོགས་གཏིང་ཟབ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་བརྩེ་སེམས་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། འཇོན་ཐང་ཆེན་པོ་ལྡན་པར་བྱས་ནས། འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་རྐང་འཛིན་མི་སྣ་རུ་འགྱུར་ཐུབ་པར་བྱས་ཏེ། མཛེས་སྡུག་ལྡན་པའི་ཞང་ཀང་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་ཆེད་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས་པའི་རེ་བ་ཡོད་ཅེས་གསུངས།
བན་དེ་སྐྱབས་ཀྱིས་བསྒྱུར།