དབྱི་ལིང་གི་རྒྱལ་ཁབ་ཁེ་ཕན་གཏན་ཕབ་ཨུ་ཡོན་ལྷན་ཁང་གིས་གདན་དྲངས་པ་ལྟར། ཀྲུང་གུང་ཀྲུང་དབྱང་གི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་དེ་ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་དབྱི་ལིང་དུ་འཚམས་འདྲི་བྱས། འཚམས་འདྲི་བྱེད་སྐབས། ཀྲུང་གུང་འཐུས་ཚབ་ཚོགས་པས་དབྱི་ལིང་གི་ཙུང་ཐུང་གཞོན་པ་ཧི་སེ་ནེ་དང་རྒྱལ་ཁབ་ཁེ་ཕན་གཏན་ཕབ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཙུའུ་ཨར་ཅཱ་ཏི་ཨར་གཉིས་ལ་ཐུག་འཕྲད་བྱས་པ་དང་། དབྱི་ལིང་གི་གྲོས་ཁང་དང་། ནང་སྲིད་པུའུ། ནོར་སྲིད་དཔལ་འབྱོར་པུའུ། ཞིང་ཆེན་སྐོར་ཞིག་གི་འགན་ཁུར་བ་སོགས་དང་བརྗེ་རེས་ཟབ་མོ་བྱས་པར་མ་ཟད། དབྱི་ལིང་ལས་རིགས་སོ་སོར་ཁ་ཕྱོགས་པའི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་ཆེད་དོན་མཚམས་སྦྱོར་གྲོས་ཚོགས་ལ་ཞུགས།
དབྱི་ལིང་ཕྱོགས་ཀྱིས་ཀྲུང་གོས་བླངས་པའི་འཕེལ་རྒྱས་གྲུབ་འབྲས་ཆེན་མོར་གཟེངས་བསྟོད་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་བར་གྱི་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་བྱས་ཏེ། དབྱི་ལིང་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།