ཟི་ལིང་སྒོ་ཁྲལ་གྱིས་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་གསར་སྐྲུན་བྱེད་པར་སྒུལ་ནུས་གསར་བ་ཁ་སྣོན་བྱས།
2023.07.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཟི་ལིང་སྒོ་ཁྲལ་གྱིས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དངོས་འབེབས་བྱས་ཤིང་། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་མྱུར་མོར་གསར་སྐྲུན་བྱེད་པ་གནད་དུ་བཟུང་སྟེ། རང་འགུལ་གྱིས་ཕུའུ་ཅང་ཉམས་མྱོང་ལ་སློབ་སྦྱོང་དང་དེའི་དཔེ་རུ་བཟུང་ནས། སྒོ་ཁྲལ་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་། སྒོ་ཁྲལ་གྱི་མགོ་བས་དངོས་སུ་སྲིད་ཇུས་དང་བྱེད་ཐབས། ཞབས་ཞུ་བཅས་བསྐྱལ་ནས། ཁེ་ལས་ཀྱིས་ལྷད་མེད་སྦས་ཤུགས་སྔོག་འདོན་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱེད་པར་རོགས་རམ་བྱས།

ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ལས་འཕེལ་རྒྱས་ལ་དམིགས་ཏེ། ཏང་ཨུའི་མགོ་ཁྲིད་ཚན་ཁག་གིས་བྱ་བའི་རུ་ཁག་ཁྲིད་དེ་ཕྱིར་གཏོང་ཁེ་ལས་སོ་བརྒྱད་དུ་སོང་ནས་རྩ་འཛུགས་རྣམ་པ་ཅན་གྱི་དངོས་ཡུལ་རྟོག་ཞིབ་བྱ་འགུལ་སྤེལ་ནས། ཁེ་ལས་ལ་རང་རང་གི་ཁྱད་ཆོས་དང་འཚམ་པའི་ཁེ་ཕན་མཉམ་སྤྱོད་ཀྱི་མཛུབ་སྟོན་ཇུས་གཞི་བཏོན། ཟི་ལིང་སྒོ་ཁྲལ་གྱི་ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྔོན་གྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་ལ་སྐུལ་འདེད་གཏོང་བ་དང་ཞིང་ལས་ཐོན་རྫས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གཏན་སྲུང་དང་སྤུས་ཚད་མཐོར་འདེགས་ལ་ཡར་སྐུལ་བྱེད་པའི་ཆེད་དོན་བྱ་བའི་ཇུས་གཞི་གཏན་འབེབས་བྱས་པ་དང་། རང་བདག་གིས་ཞིང་ལས་ཐོན་རྫས་ཕྱིར་གཏོང་གི་སྲིད་ཇུས་ཁྲིམས་སྲོལ་གྱི་དྲ་ཐོག་ཞབས་ཞུའི་མ་ལག་གསར་སྤེལ་བྱས་ཏེ། དྲ་ཐོག་ནས་དུས་ཆད་དང་རེ་ཞུ་བྱེད་པའི་བཀག་མེད་རྒྱུ་ལམ་བཙུགས་པ་དང་། ཁོངས་གཏོགས་ས་ཁུལ་གྱི་ཞིབ་བཤེར་བྱེད་སྒོའི་དོ་དམ་མ་ལག་དང་རིམས་ནད་ཞིབ་བཤེར་དཔང་ཡིག་དྲ་ཐོག་ནས་སྟེར་བའི་རྣམ་པ་གསར་གཏོད་བྱས་ཏེ། ཁེ་ལས་ཀྱི་རང་བདག་རེ་ཞུ་དང་སྒོ་ཁྲལ་གྱི་རིག་ནུས་དཔྱད་ཞིབ། ཁེ་ལས་ལ་དྲ་ཐོག་ནས་དཔང་ཡིག་སྟེར་བའི་དྲ་ངོས་ཀྱི་བརྒྱུད་རིམ་ཧྲིལ་བོའི་འགྲོ་ལུགས་བསྒྲུབས་ཐབས་མངོན་འགྱུར་བྱུང་། དྲ་ཐོག་གི་བྱེད་ཐབས་ལག་བསྟར་བྱས་པའི་ཚུན་ལ། དྲ་ཐོག་ནས་དཔང་ཡིག་བཅུ་བདུན་བྱིན་ཡོད།

ལྷད་མེད་ཐོན་ལས་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ་འབུར་དུ་ཐོན་པར་བྱས་ཏེ། སྒོ་ཁྲལ་དང་ཁེ་ལས་ཀྱི་སྔོ་ཚལ་ཕྱིར་གཏོང་བྱ་བའི་ཆེད་གཏོང་གནམ་གྲུ་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྔོ་ཚལ་ཁེ་ལས་དག་ལ་འཚམས་འདྲིར་སོང་སྟེ། སྔོ་ཚལ་ཕྱིར་གཏོང་གི་རེ་འདུན་ཡོད་པའི་ཁེ་ལས་བཞིའི་གནད་དོན་དང་དགོས་མཁོར་རྒྱུས་ལོན་བྱས་པར་མ་ཟད། ཞང་ཀང་དང་ཨོ་མིན་དུ་སྔོ་ཚལ་འདོན་སྤྲོད་བྱེད་པའི་རྟེན་གཞིའི་སྲིད་ཇུས་དྲིལ་སྒྲོག་བྱས་ནས། ཁེ་ལས་ཀྱི་དངོས་ཟོང་རྩ་འཛུགས་དང་སྔོ་ཚལ་གྱི་ཐུམ་བརྒྱག སྒོ་ཁྲལ་འགག་སྒྲོལ་སོགས་ལས་རིམ་ནས་ཁ་གཏད་རོགས་སྐྱོར་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་ཏེ། ཁེ་ལས་ཀྱི་གནད་དོན་བཅུ་གསུམ་ཐག་གཅོད་བྱས། གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་རྐྱེན་སྲོལ་ལ་བརྟེན་ནས། ནན་ཏན་གྱིས་ཁེ་ལས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱས། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། སྔ་གཞུག་ཏུ་ཁེ་ལས་ལ་རོགས་རམ་བྱས་ནས་གནད་དོན་ང་བརྒྱད་ཐག་གཅོད་བྱས་ཏེ། ཁེ་ལས་ཀྱི་ཡིད་ཚིམས་པའི་ཚད་ཕན་ནུས་ལྡན་པར་མཐོར་འདེགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།