
ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བརྙན་ལམ་ནས་ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་ཨ་ཧྲི་ལཱ་ཧྥུའུ་ལ་གྲོས་མོལ་གནང་།
ཀྲའོ་ལི་ཅི་ཡིས་ཀྲུང་གོ་དང་ཕ་ཁི་སི་ཐན་བར་གྱི་མཛའ་མཐུན་འབྲེལ་བ་ནི། རྒྱལ་ཁབ་གཉིས་ཀའི་སྐབས་རིམ་བྱུང་གི་མགོ་ཁྲིད་པས་ཐུགས་ཁུར་དང་སྐུལ་འདེད་གནང་བ་དང་། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱིས་མཉམ་དུ་སྐྱེད་སྲིང་བྱས་པ་ཞིག་ཡིན་པར་བརྟེན། མིག་སྔའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ནི་སྲ་ཞིང་བརྟན་པ་དང་ཧ་ཅང་རྩ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་འགྱུར་མེད་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་འཕེལ་རྒྱས་གསར་པ་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཀྲའོ་ལི་ཅི་ཡིས་དུས་ཡུན་རིང་པོའི་ནང་དུ། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བདེན་འཛིན་དྲང་གཏམ་བཤད་པ་དང་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་དང་མཉམ་དུ་འཐབ་ཇུས་མཉམ་ལས་ལ་ཤུགས་བསྣན་ནས། དུས་རབས་གསར་པའི་ནང་སྔར་ལས་དམ་ཟབ་ཀྱི་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་སྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། དམངས་ཁྲོད་ཀྱི་མཛའ་མཐུན་བརྗེ་རེས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་མུ་མཐུད་གཞོགས་འདེགས་དམ་ཟབ་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཨ་ཧྲི་ལཱ་ཧྥུའུ་ཡིས་རྒྱལ་ཁབ་གཉིས་ནི་གནས་ཚུལ་དང་ཆ་རྐྱེན་གང་ལའང་མི་བལྟ་བའི་གྲོགས་པོ་བཟང་བོ་ཡིན་པས། རྒྱལ་ཁབ་གཉིས་ཀས་ཀྲུང་གོའི་ལྟེ་བའི་ཁེ་ཕན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོ་བའི་སྒོ་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕ་ཁི་སི་ཐན་རྒྱལ་དམངས་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན།
ཐེ་ཉིན་གྲོས་མོལ་ལ་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།