ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་ནས་ཨ་མེ་རི་ཁའི་ཝེ་ས་ཀུང་ཟིའི་འཛམ་གླིང་གི་ལག་བསྟར་རྐང་གཉེར་དབུ་གཙོ་ཨེ་ཁི་ལི་ལ་མཇལ་འཕྲད་གནང་།
ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་ནས་ཨ་མེ་རི་ཁའི་ཝེ་ས་ཀུང་ཟིའི་འཛམ་གླིང་གི་ལག་བསྟར་རྐང་གཉེར་དབུ་གཙོ་ཨེ་ཁི་ལི་ལ་མཇལ་འཕྲད་གནང་། ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ནི་འཛམ་གླིང་གི་སྔོན་གྲལ་དུ་ཡོད་པའི་དཔལ་འབྱོར་ཕུང་བོ་ཆེ་གྲས་གཉིས་ཡིན་པའི་ངོས་ནས་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་བཏང་ཚེ་གཉིས་ཕན་གཉིས་རྒྱལ་མངོན་འགྱུར་ཐུབ་རྒྱུ་དང་། འཛམ་གླིང་ཡོངས་ཀྱི་ཐོན་ལས་སྦྲེལ་ཐག་གི་མཁོ་སྤྲོད་འབྲེལ་ཐག་ཐད་གལ་འགངས་ཤིན་ཏུ་ཆེན་པོ་ཡོད། འཛམ་གླིང་ལ་ཁྱོན་ཡོངས་ནས་བརྟན་ལྷིང་གི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དགོས་ན། འགག་རྩ་ནི་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས་།གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་པ་ལི་གླིང་ཕྲན་དུ་མཇལ་འཕྲད་གནང་སྐབས་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེད་བྱེད་རྒྱ་ཆེ་རུ་བཏང་སྟེ་ཨ་མེ་རི་ཁའི་ཁེ་ལས་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོར་མ་དངུལ་བཏང་ནས་ལས་སྤེལ་བྱེད་རྒྱུར་དགའ་བསུ་བྱེད་བཞིན་ཡོད་པར་མ་ཟད། ཨ་མེ་རི་ཁའི་ཁེ་ལས་ལས་རིགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་དེ་བས་ཀྱང་གལ་འགངས་ཆེ་བའི་ནུས་པ་འདོན་རྒྱུར་རེ་བ་བྱེད་བཞིན་ཡོད་ཟེར། ཨེ་ཁི་ལི་ཡིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་ཀྱིས་ཁེངས་ཤིང་། གཞི་གྲངས་གཏོང་སྤྲོད་སོགས་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། ཝེ་ས་ཀུང་ཟིས་ཀྲུང་གོར་མ་དངུལ་གཏོང་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། ཀྲུང་གོར་མུ་མཐུད་དུ་ཡུན་རིང་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་དང་ལེགས་སྐྱེས་འབུལ་འདོད་ཡོད་ཟེར།