ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཁོངས་མི། ལས་འཛིན་པ་གཞོན་པ་ཀྲའོ་སུའུ་ཅིན་གྲོས་ཚོགས་ལ་ཞུགས་ནས་རྟེན་འབྲེལ་ཞུས། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཚེ་རིང་ཐར། ཝུའུ་ལ་ཙི་པེ་ཁུ་རེ་སུའུ་ལི་ཧན། ཀྲུའུ་ཞང་ཧྥིན། དབྱི་ཧྲུའུ་ཆང་། ལོའུ་ཀང་། ཁོང་ཡུང་བཅས་གྲོས་ཚོགས་ལ་ཞུགས། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ཚོགས་ཆེན་གྱི་འགོ་རྩོམ་མཛད་སྒོར་འགོ་འཛིན་བྱས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི་མངགས་བཅོལ་ལྟར། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ་ཚོགས་ཆེན་བསྡུས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་བྱ་བར་ཐུགས་ཁུར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། འཐུས་མི་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་དང་དེའི་ཁྱིམ་མི། དབང་བོ་སྐྱོན་ཅན་གྱི་བྱ་བ་སྒྲུབ་མཁན་བཅས་ལ་བརྩེ་བའི་འཚམས་འདྲི་བྱས་ཤིང་། དབང་བོ་སྐྱོན་ཅན་གྱི་ལས་དོན་ལ་ཐུགས་ཁུར་རྒྱབ་སྐྱོར་བྱས་པའི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣར་བླ་ན་མེད་པའི་གུས་འདུད་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་ཐད་གྲུབ་འབྲས་གལ་ཆེན་བླངས་པ་དང་། རྒྱལ་ཡོངས་ཀྱི་སྔོན་གྲལ་དུ་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་གཏན་འཇགས་སུ་གཏོང་བ་དང་དབང་བོ་སྐྱོན་ཅན་གྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པའི་སྲིད་ཇུས་ལག་བསྟར་དང་། དབང་བོ་སྐྱོན་ཅན་གྱི་བྱིས་པའི་ཁམས་གསོ་རོགས་སྐྱོར་བྱ་བ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དེ་ཞིང་ཆེན་གྱི་གནས་ཚུལ་དངོས་དང་མཐུན་ཞིང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དབང་བོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཏུ་བསྐྱོད།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། དབང་བོ་སྐྱོན་ཅན་གྱི་ལས་དོན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་རྩ་འཛུགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབང་བོ་སྐྱོན་ཅན་ལས་དོན་དང་མཚོ་སྔོན་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ་བཅས་བྱས་ཏེ་དབང་བོ་སྐྱོན་ཅན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱེད་པ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ་བཅས་བྱས་ཏེ་དབང་བོ་སྐྱོན་ཅན་གྱི་མི་ཚོགས་ལ་དོན་བཟང་དང་དོན་དངོས་སྒྲུབ་པ་དང་ཁོ་ཚོའི་དཀའ་ཁག་ཐག་གཅོད་དགོས། དབང་བོ་སྐྱོན་ཅན་ལ་དཀའ་ཁག་སེལ་རོགས་བྱས་ཏེ་སྔར་ལས་དངོས་ཡོད་དང་གནད་ཕིགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་ལྟ་སྐྱོང་གི་བྱ་བ་བཟང་བོར་སྒྲུབ་པ། སྔོན་ཐོན་འཐུས་མི་སྔར་ལས་མང་པོས་སྲིད་ཞུགས་སྲིད་གླེང་བྱེད་པར་སྐུལ་འདེད་བཏང་སྟེ་དབང་བོ་སྐྱོན་ཅན་གྱི་འདྲ་མཉམ་ཁེ་དབང་སྲུང་སྐྱོབ་བྱེད་དགོས། ཏང་དང་སྲིད་གཞུང་དང་དཀའ་སྡུག་མཉམ་ཁུར་བྱེད་པ་དང་། ཏང་ཨུ་དང་སྲིད་གཞུང་གི་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པ་དང་ཕན་ཁེ་བསྐྲུན་པའི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་བྱེད་པར་ཤུགས་བསྣན་ནས་དབང་བོ་སྐྱོན་ཅན་དུ་འགྱུར་བ་སྔོན་འགོག་དང་ཁམས་གསོ་བཟང་བོ་བྱེད་པ་སོགས་ཀྱི་བྱ་བར་སྲིད་ཇུས་བཟང་བོ་དང་བྱེད་ཐབས་ནུས་ལྡན་འདོན་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་མང་པོ་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་དང་ཞབས་འདེགས་ཞུ་བའི་ལས་དོན་ཁྲོད་ཞུགས་པར་སྐུལ་སློང་དང་མཐུན་སྦྱོར་། བརྩོན་ལེན། བཀོད་གཏོང་བཅས་བྱས་ཏེ་སྔར་ལས་སྟབས་བདེ་ཡིན་པའི་གེགས་མེད་ཁོར་ཡུག་བསྐྲུན་དགོས། རང་སྟེང་ལ་ཤུགས་བསྣན་ཏེ་ལས་བྱེད་པའི་དཔུང་སྡེའི་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་བ་སོགས་བྱས་ནས་སྤྱོད་ཚུལ་འཛུགས་སྐྲུན་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་གྱི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། གནད་དོན་བཙལ་ཏེ་མི་འདང་ས་ཁ་གསབ་བྱེད་པ་དང་གཞི་རྩར་འགན་སྲུང་བྱས་ཏེ་ཚད་མཐའ་སྲུང་བ། རོགས་སྐྱོར་དང་དུ་ལེན་པ། ཞབས་ཞུར་ཤུགས་བསྣན་ནས་སྤུས་ཚད་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་དབང་བོ་སྐྱོན་ཅན་གྱི་ལས་དོན་དང་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་ལས་རིགས་སོ་སོས་མཉམ་དུ་སྤྱི་ཚོགས་ཡོངས་ཀྱིས་དབང་བོ་སྐྱོན་ཅན་མི་ཚོགས་ལ་བརྩི་བཀུར་དང་སེམས་ཁུར། རོགས་སྐྱོར་སོགས་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་ནས་རྒྱ་ཆེའི་དབང་བོ་སྐྱོན་གྱི་ཚོགས་སྤྱི་ལ་སྤྱི་ཚོགས་རིང་ལུགས་ཁྱིམ་གཞི་ཆེན་མོའི་དྲོད་ཁོལ་མྱོང་དུ་འཇུག་དགོས། རྒྱ་ཆེའི་དབང་བོ་སྐྱོན་ཅན་གྱི་མི་སྣ་རྣམས་ཀྱིས་གཡེལ་མེད་རང་བརྩོན་དང་འབད་པ་ལྷུར་ལེན་གྱིས་འཚོ་བ་ལ་དགའ་བ་དང་མཚོ་སྔོན་ལ་དགའ་བར་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཁྲོད་བྱས་རྗེས་འཇོག་པ་དང་། དུས་རབས་གསར་པའི་གར་སྟེགས་ཆེན་མོའི་སྟེང་དུ་ཚེ་སྲོག་གི་མཚར་སྡུག་དང་འགུག་ཤུགས་ངོམས་དགོས།
ཀྲའོ་སུའུ་ཅིན་གྱིས་ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ་ཚོགས་ཆེན་བསྡུས་པར་སྤྲོ་སེམས་ཁོལ་བའི་རྟེན་འབྲེལ་ཞུས། མོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རླངས་ཆེན་ཇུས་གཞི་བཀོད་པས། དབང་བོ་སྐྱོན་ཅན་གྱི་ལས་དོན་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་བཟང་བོར་འཕྲད་ཡོད་པ་དང་། ལྗིད་ལ་དཀའ་ཚེགས་ཆེ་བའི་ལས་འགན་ལའང་འཕྲད་ཡོད། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་དབང་བོ་སྐྱོན་མཉམ་འབྲེལ་རྩ་འཛུགས་དང་རྒྱ་ཆེའི་དབང་བོ་སྐྱོན་ཅན་གྱི་བྱ་བ་སྒྲུབ་མཁན་རྣམས་ཀྱིས་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཏེ་ཆབ་སྲིད་འཛུགས་སྐྲུན་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། བྱ་བའི་སྤྱི་ཡོངས་ཀྱི་ཁྲོད་འདྲེས་པར་བྱས་ཏེ་ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་དང་གཅིག་བསྡུས་ཀྱིས་དབང་བོ་སྐྱོན་ཅན་ལས་དོན་གྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ་དབང་བོ་སྐྱོན་ཅན་གྱི་དམངས་འཚོའི་ལ་ཤུགས་ཆེན་པོས་འགན་སྲུང་དང་ལེགས་བཅོས་བྱེད་དགོས། རྒྱུན་ཆད་མེད་པར་བཅོས་སྒྱུར་གསར་སྐྲུན་བྱས་ཏེ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཐག་ལྟ་བུའི་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་དགོས། རྒྱུན་ཆད་མེད་པར་མཐུན་སྒྲིལ་འབད་འཐབ་ཀྱིས་བྱ་བ་ནན་མོར་བསྒྲུབ་པ་དང་། དབང་བོ་སྐྱོན་ཅན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ་དབང་བོ་སྐྱོན་ཅན་གྱི་དབུར་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ། དམངས་ཚིས་ཕྱུག་འགྱུར་བཅས་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱེད་པ། དབང་བོ་སྐྱོན་ཅན་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས་འཚོ་བ་སོགས་ཕྱོགས་སོ་སོའི་འདྲ་མཉམ་ཁེ་དབང་ལ་སྔར་ལས་སྲུང་སྐྱོབ་བཟང་བོ་བྱེད་པ། དུས་རབས་གསར་པའི་མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབད་པ་འབྲི་བ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབང་བོ་སྐྱོན་ཅན་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་ལས་དོན་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་དོན་འཁྱོལ་ཐུབ་པར་བྱེད་དགོས།
འགོ་རྩོམ་མཛད་སྒོའི་སྟེང་། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་འཐུས་མིས་ཚོགས་ཆེན་ལ་ཤིས་ཚིག་ཕུལ་པ་དང་། ཞིང་ཆེན་ཡོངས་ཀྱི་རང་བརྩོན་དཔེ་བཟང་དང་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས། ཚོགས་ཆེན་སྟེང་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བདུན་པའི་ཀྲུའུ་ཞི་ཚོགས་པའི་བྱ་བའི་སྙན་ཞུ་ལ་ཉན་པ་དང་གྲོས་ཞིབ་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།