རང་ཞིང་གི་ཏང་གི་ལོ་རྒྱུས་ཀྱི་གཞི་རྩའི་བརྩམས་ཆོས་ཐོག་མ་སྟེ《ཀྲུང་གོ་གུང་ཁྲན་ཏང་གི་མཚོ་སྔོན་གྱི་ལོ་རྒྱུས(1925-1978)》ཐོག་མར་འགྲེམ་སྤེལ་བྱེད་པའི་མཛད་སྒོ་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་བྱ་བའི་རེ་བ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥུན་མཛད་སྒོར་ཞུགས་ནས་གཏམ་བཤད།
《ཀྲུང་གོ་གུང་ཁྲན་ཏང་གི་མཚོ་སྔོན་གྱི་ལོ་རྒྱུས(1925-1978)》ཞེས་པ་ནི་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་ལོ་ངོ་བརྒྱད་རིང་རྩོམ་སྒྲིག་བྱས་ནས་ཡོངས་འགྲུབ་བྱས་པ་ཡིན་ལ། བསྡོམས་པས་ཡིག་འབྲུ་འབུམ་བཞི་དང་ཁྲི་གཅིག་ཡོད་ལ། ཕྱོགས་ཡོངས་ནས་དངོས་ཡོད་དང་མཐུན་པའི་སྒོ་ནས་གཅིག་སྟོང་དགུ་བརྒྱ་ཉེར་ལྔ་ལོ་ནས་གཅིག་སྟོང་དགུ་བརྒྱ་དོན་བརྒྱད་ལོའི་བར་དུ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་མགོ་ཁྲིད་འོག དམངས་གཙོའི་རིང་ལུགས་གསར་བའི་གསར་བརྗེ་ཡོངས་འགྲུབ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བཅོས་བསྒྱུར་བྱས་ལ། སྤྱི་ཚོགས་རིང་ལུགས་ལམ་ལུགས་གཏན་འབེབས་བྱས་ཏེ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བགྲོད་ལམ་གྱི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་ཡང་དག་པར་རྒྱས་བརྗོད་བྱས་ཡོད། དེ་ནི་མཚོ་སྔོན་བཅིངས་འགྲོལ་བྱས་པའི་ཚུན་ལ་ཡོངས་བསྒྲགས་པར་སྐྲུན་བྱས་པའི་ཏང་གི་ལོ་རྒྱུས་ཀྱི་ཀློག་དེབ་ཁྲོད། ལོ་རྒྱུས་ཟིན་ཐོ་ཆེས་གསལ་བོ་ཡིན་པ་དང་། ལོ་རྒྱུས་རྒྱུ་ཆ་འཚོལ་སྡུད་བྱས་པ་ཆེས་ཕུན་སུམ་ཚོགས་པ། ནང་དོན་རྒྱས་བརྗོད་བྱས་པ་ཆེས་འཐུས་སྒོ་ཚང་བའི་ཏང་གི་ལོ་རྒྱུས་ཀྱི་གཞི་རྩའི་བརྩམས་ཆོས་ཐོག་མ་ཡིན་ལ། མཚོ་སྔོན་ལ་དུས་ཡུན་རིང་བོར་ཏང་གི་ལོ་རྒྱུས་ཀྱི་དངོས་གཞིའི་དཔེ་དེབ་མེད་པའི་སྟོང་ཆ་བསྐངས་ཡོད།
ཁྲིན་ཀང་གིས་བྱ་བའི་རེ་བའི་ཁྲོད་བསྟན་དོན། 《ཀྲུང་གོ་གུང་ཁྲན་ཏང་གི་མཚོ་སྔོན་གྱི་ལོ་རྒྱུས(1925-1978)》དེ་མི་འགྱངས་པར་པར་སྐྲུན་བྱེད་རྒྱུ་ཡིན་པ་དང་། དེར་ཞིང་ཆེན་ཏང་ཡོངས་ཀྱི་ཏང་གི་ལོ་རྒྱུས་བྱ་བ་བྱེད་མཁན་གྱི་རྔུལ་ཁྲག་འདུས་ཡོད་ལ། བློ་མཐུན་ཚོས་དཀའ་སྤྱད་འབད་བརྩོན་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། རང་ཞིང་གི་ཏང་གི་ལོ་རྒྱུས་བྱ་བ་དེ་མིག་སྔའི་ཞིང་ཆེན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་ཟུང་འབྲེལ་ བྱས་ཏེ་ལོ་རྒྱུས་ད་ལྟ་དཔེར་འཛིན་པ་དང་མི་ལ་སློབ་གསོ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཧུར་ཐག་སྒོས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་དགོངས་པ་སློབ་པ་དང་། ཏང་གཤིས་བསྐྱེད་པ། ལག་ལེན་གཙོ་བོར་འཛིན་པ། བྱས་རྗེས་འཇོག་པ་བཅས་ལ་ཁྲིད་སྟོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཁྲོད་སྟོབས་དང་ལྡན་པའི་ནུས་པ་འདུས་པར་བྱེད་དགོས་ཟེར།
ཀྲུའུ་ཞང་ཧྥུན་གྱིས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཏང་གི་ལོ་རྒྱུས་ཀྱི་རྩོམ་སྒྲིག་བྱ་བར་མཐོང་ཆེན་བྱེད་པ་ནི་རང་རེའི་ཏང་གི་འོད་སྟོང་འབར་བའི་སྲོལ་རྒྱུན་ཡིན་པ་དང་། ཏང་གི་ལོ་རྒྱུས་ཀྱི་གཞི་རྩའི་བརྩམས་ཆོས་ཀྱིས་ང་ཚོས་བསྟུད་མར་འབད་འཐབ་བྱེད་པར་གསོན་ཉམས་ལྡན་པའི་བསླབ་གཞི་འདོན་སྤྲོད་བྱས་ཡོད། མཚོ་སྔོན་ཏང་གི་ལོ་རྒྱུས་དང་ཟུང་འབྲེལ་བྱས་ཏེ་རྟོག་དཔྱོད་ཞིབ་འཇུག་གི་ཁྱིམ་རྒྱུད་ནོར་བུ་དེར་རྒྱས་འབྲེལ་བཟང་བོ་བྱེད་པ་དང་། མཐུན་སྒྲིལ་འབད་འཐབ་ཀྱི་བཞུད་ལམ་ཉག་ཅིག་དེ་རྒྱུན་འཁྱོངས་བྱེད་པ། ངེས་དོན་གསུམ་གྱི་རེ་བ་གསར་བ་དྲིལ་སྒྲོག་གང་ལེགས་བྱས་ཏེ། ཏང་གི་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་གི་ལོ་རྒྱུས་ཀྱི་ཞིབ་འཇུག་དང་ཚད་ལྡན་ཡིག་ཆའི་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་བྱས་ནས། ཏང་གི་ཆེད་དུ་དར་ཆ་བསྒྲེངས་པ་དང་། ཏང་གི་ཆེད་དུ་དམ་བཅའ་འཇོག་པ། ཏང་གི་ཆེད་དུ་འགན་འཁྲི་འདོན་དགོས་ཟེར།
ཐོག་མར་པར་སྐྲུན་འགྲེམ་སྤེལ་བྱེད་པའི་མཛད་སྒོའི་སྟེང་། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་འགན་ཁུར་བློ་མཐུན་གཙོ་བོས་རྩོམ་ཡིག་དང་པར་སྐྲུན་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ཞིབ་འཇུག་ཁང་གི་འབྲེལ་ཡོད་བློ་མཐུན་དང་ཆེད་མཁས་པའི་འཐུས་མིའི་བར་བརྗེ་རེས་གཏམ་བཤད་སྤེལ་ཏེ། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་དམག་ཁུལ་ཆབ་སྲིད་བྱ་བའི་ཅུའུ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི་སོགས་ལས་ཁུངས་བཅས་ལ་དཔེ་ཆ་བྱིན།
བསོད་ནམས་ཚེ་རིང་གིས་བསྒྱུར།