ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་བྱེད་པའི་ལྟ་ཞིབ་དཔྱད་འཇོག་གི་ཕྱིར་ལྡོག་གནད་དོན་ལེགས་བཅོས་བྱེད་པའི་བྱ་བའི་ཆེད་དོན་བཀོད་གཏོང་ཚོགས་འདུ་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། བྱེད་ཐབས་མང་བོ་མཉམ་སྤྱོད་དང་གནད་འཁེལ་ཐབས་ཇུས་ལག་བསྟར་སྒོས་ཤུགས་ཆེན་པོས་རོང་འབྲོག་མང་ཚོགས་དང་དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་མུ་མཐུད་དུ་འཕར་བར་སྐུལ་འདེད་གཏོང་དགོས་ཟེར།
ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ད་ལོའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་དངོས་འབེབས་བྱས་པ་དང་། ནན་ཏན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དངོས་འབེབས་བྱས་ཏེ། རོང་འབྲོག་མང་ཚོགས་དང་དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་བྱ་བ་བཟང་བོར་བསྒྲུབས་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། བྱ་བའི་ཁྲོད་འཚོལ་ཞིབ་བྱས་ཏེ་གྲུབ་པའི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་དག་བཀོལ་སྤྱོད་དང་རྒྱ་བསྐྱེད་བཟང་བོ་བྱེད་དགོས་ཟེར།
ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་རོང་འབྲོག་མང་ཚོགས་དང་དབུལ་ཐར་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དེ་ཞིང་གསུམ་བྱ་བའི་ལས་འགན་གཙོ་བོར་བྱས་ཤིང་། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཡོང་འབབ་འཕར་བར་སྐུལ་འདེད་བྱེད་དགོས། ཐོན་ལས་འཕེལ་རྒྱས་ཀྱིས་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱེད་པ་དང་། འདེབས་འཛུགས་ལས་རིགས་ཀྱི་ཐོན་ཚད་གཏན་འཇགས་ཡོང་བ་དང་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་དགོས་ལ། ཕྱུགས་ཟོག་གསོ་ཁ་ནས་འབུད་པར་སྐུལ་འདེད་གཏོང་བ། ཁེ་ཕན་ལ་འབྲེལ་བ་ཡོད་པ་དང་ཞིང་ལས་ལ་མཉམ་འབྲེལ་དང་ཞིང་ལས་ལ་སྐུལ་འདེད་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ་འཛད་སྤྱོད་རོགས་སྐྱོར་ལ་ཡར་སྐུལ་བྱེད་དགོས། སྲིད་ཇུས་འགན་སྲུང་དང་སྤྱི་ཕན་ལས་གནས་ཀྱིས་ཚད་མཐའ་སྲུང་བ་དང་ཡོང་འབབ་འཕར་བར་བྱེད་དགོས་ཤིང་། ཕྱོགས་ཡོངས་ནས་སློབ་གསོ་དང་སྨན་བཅོས། སྡོད་ཁང་། འཐུང་ཆུའི་བདེ་འཇགས་སོགས་དམངས་འཚོའི་འགན་སྲུང་ཀུན་ཕན་རང་བཞིན་གྱི་སྲིད་ཇུས་དངོས་འབེབས་བྱས་ཤིང་། གཙོ་བོ་སྤྱི་ཕན་ལས་གནས་གཏན་འཇགས་ཡོང་བར་བྱས་ཏེ། ཡོང་འབབ་འཕར་བའི་བྱེད་ཐབས་སྣ་ཚོགས་བསྟུད་མར་དངོས་འབེབས་བྱས་ནས་ཕན་འབྲས་ཐོན་པར་འགན་སྲུང་བྱེད་དགོས་ཟེར།
ཝུའུ་ཞའོ་ཅུན་གྱིས་གཙོ་གནད་འབུར་དུ་ཐོན་པ་དང་མི་འདང་ས་དང་ཞན་ཆ་ཁ་གསབ་བྱས་ནས་མཐོར་འདེགས་ལ་སྐུལ་འདེད་གཏོང་བ་དང་། འགན་འཁྲི་དང་བྱ་བ། སྲིད་ཇུས་བཅས་དངོས་འབེབས་བྱེད་པ་དམ་འཛིན་བྱས་ཏེ། ཟོལ་མེད་ཀྱིས་མ་དངུལ་ལས་གཞིའི་དོ་དམ་ལ་ཤུགས་སྣོན་པ་དང་། ནན་ཏན་གྱིས་གོ་རིམ་ལྡན་པའི་སྒོ་ནས་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་སྤྱོད་ཁང་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། རྒྱུན་ཆད་མེད་པར་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། སྔར་ལས་ལྷག་པའི་སྒོག་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བྱེད་པ་དང་། གྲོང་གསེབ་ཀྱི་ཕྱོགས་ཡོངས་ཀྱི་དར་རྒྱས་ལ་ཕན་འབྲས་དངོས་ཐོབ་པར་ཡར་སྐུལ་བྱེད་དགོས་ལ། མཁར་གྲོང་སྡོད་དམངས་ཀྱི་ཡོང་འབབ་འཕར་བའི་བྱ་བ་དམ་འཛིན་བྱེད་པ་དང་། བསྟུད་མར་ལས་ཞུགས་རོགས་སྐྱོར་ལ་ཤུགས་སྣོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རོགས་འདེགས་བྱེད་པ་དང་། དམངས་འཚོའི་འགན་སྲུང་ཤུགས་ཚད་ཇེ་ཆེར་བཏང་སྟེ་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་དགོས་པའི་རེ་བ་བཏོན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་གྱིས་འབྲེལ་ཡོད་བྱ་བར་བྱེ་བྲག་ཏུ་བཀོད་སྒྲིག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་འབྲེལ་ཡོད་གནས་ཚུལ་སྙན་ཞུ་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལོའུ་ཀང་ཚོགས་འདུར་ཞུགས། གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་སྙན་ཞུ་ཕུལ་བ་དང་། འབྲེལ་ཡོད་ཀྱི་རྫོང་དང་ས་ཁུལ་གྱིས་ཡིག་ཐོག་གཏམ་བཤད་སྤེལ།
གྲོས་ཚོགས་དེ་བརྙན་རིས་ཀྱི་རྣམ་པས་འཚོགས་པ་དང་། ཞིང་ཆེན་ལྟེ་གནས་སུ་ཚོགས་ར་གཙོ་བོ་བཀོད་སྒྲིག་བྱས་ཡོད་ལ། གྲོང་ཁྱེར་དང་ཁུལ། རྫོང་། ས་ཁུལ་བཅས་སུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།