ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲང་ཧའེ་གྲོང་ཁྱེར་དུ། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་རྟོག་ཞིབ་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་རིམ་སྤོར་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་འཚོལ་ཞིབ་གསར་པ་འབད་པས་བྱས་ནས། ཐོད་བརྒལ་གསར་པ་དང་ཉམས་མྱོང་གསར་པ་རྒྱུན་ཆད་མེད་པར་གསོག་འཇོག་བྱེད་དགོས་ཞེས་ནན་གྱིས་གསུངས།
ལི་ཆང་གིས་གཞི་གྲངས་རྒྱལ་མཚམས་བརྒལ་ནས་འཁོར་སྐྱོད་དང་དོ་དམ་བྱ་རྒྱུ་ནི། དེང་སྐབས་ཕྱོགས་ཁག་ཚང་མས་དོ་ཁུར་ཆེན་པོ་བྱེད་ཀྱིན་པའི་གནད་དོན་ཞིག་ཡིན་པས། ཁེ་ལས་ཀྱིས་འཚོལ་ཞིབ་ཧུར་ཐག་བྱས་ནས། རྒྱལ་ཁབ་ཀྱི་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་ཆེད་ལག་ལེན་གྱི་ཉམས་མྱོང་གསོག་འཇོག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས། ལིས་ཆང་གིས་ལུན་ཚི་ཧྲང་ཧའེ་ནུས་སྤྲོད་ཀུང་ཟི་དང་ཝོ་ཨར་ཝོ་འཛུགས་སྐྲུན་སྒྲིག་ཆས་ཀུང་ཟི་རུ། ཁེ་ལས་ཀྱིས་རིག་ནུས་བཟོ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་བསྐྱར་དུ་བཟོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ནས། ཕྱི་རྒྱལ་གྱི་ཁེ་ལས་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་རྣམ་པ་ཞིག་ཡིན་པས། ཕྱི་རྒྱལ་ཁེ་ལས་ཀྱིས་ཀྲུང་གོ་རུ་འཕེལ་རྒྱས་བཏང་བའི་གཏམ་རྒྱུད་ཡག་པོ་འཆད་དགོས་པ་དང་། ཕྱི་རྒྱལ་གྱི་ཁེ་ལས་སྔར་ལས་གང་མང་ཀྲུང་གོའི་ཁྲོམ་རའི་ནང་ཞུགས་ནས་རྐང་ཚུགས་ཐུགས་པར་བྱེད་དགོས་ཞེས་གསུངས། ལིས་ཆང་གིས་ཧྲང་ཧའེ་ཧུང་མིན་མཁོ་འདོན་འབྲེལ་མཐུད་ཀུང་ཟི་རུ། ཁེ་ལས་ཀྱི་མཁོ་སྤྲོད་སྦྲེལ་ཐག་གི་ཞབས་ཞུའི་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་བ་དང་། ལྟ་སྐུལ་དོ་དམ་སྡེ་ཁག་དང་འབྲེལ་ཡོད་ཁེ་ལས་ཀྱིས་མཉམ་དུ་ཤུགས་བསྣན་ནས། མཁོ་སྤྲོད་འབྲེལ་ཐག་བརྟན་པོ་དང་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྔར་ལས་ལེགས་པའི་སྒོ་ནས་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།
ལིས་ཆང་གིས་རྟོག་ཞིབ་གནང་བའི་རིང་ལ་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས། ལིས་ཆང་གིས་ཚོང་དོན་པུའུ་དང་ཧྲང་ཧའེ། པེ་ཅིང་། ཅང་སུའུ།ཀྲེ་ཅང་། ཧི་ནན། ཧུའུ་པེ། ཀོང་ཏུང་། ཧྲའན་ཞི་བཅས་ཞིང་ཆེན་དང་གྲོང་ཁྱེར་བརྒྱད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱི་སྙན་ཞུར་གསན་རྗེས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་བསྐྲུན་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས། དུས་རབས་གསར་པའི་ནང་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། འཛུགས་སྐྲུན་བྱས་ནས་ལོ་བཅུའི་རིང་ལ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱིས་ལམ་ལུགས་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཡོད་པ་དང་། སྒོ་འབྱེད་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་མ་དཔེ་བསྐྲུན་ཡོད་ལ། འཐབ་ཇུས་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ཡོད་ཅིང་། རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་འཕེལ་རིམ་ཁྲོད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་གསུངས།
ལིས་ཆང་གིས་འབྱུང་འགྱུར་ལ་ཁ་ཕྱོགས་པར་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱིས་སྔར་བཞིན་འགན་འཁྲི་ལྕི་མོ་ཕྲག་སྟེང་དུ་འཁུར་ནས། མགོ་རྩོམ་ས་གསར་པའི་སྟེང་དུ། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་རིམ་སྤོར་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མཐོ་འདེགས་གཏོང་བའི་ཤུགས་རྒྱག་ས་དེ་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་འབྲེལ་མཐུད་དང་ལམ་ལུགས་རྣམ་པའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བའི་ཐད་བཞག་ནས། དངོས་ཟོག་ཉོ་ཚོང་གི་ཚད་སྔར་ལས་མང་བ་དང་རང་མོས་སྟབས་བདེ་ཡོང་བར་བྱེད་པ་དང་། ཞབས་ཞུའི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པ། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ། ས་མཚམས་ལས་བརྒལ་བའི་གཞི་གྲངས་དོ་དམ་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས་འཛུགས་པ། “མཐའ་མཚམས་རྗེས་མའི”སྒྲིག་སྲོལ་སྦྲེལ་མཐུད་བྱེད་པ་སོགས་ཀྱི་ཐད་ཚོད་ལྟ་གང་ལེགས་བྱས་ཏེ། གོང་འོག་མཉམ་འགུལ་རྒྱུན་འཁྱོངས་དང་རྩ་འཛུགས་ལག་བསྟར་ལ་ཤུགས་བསྣན་ནས། མཉམ་ཤུགས་ཆེན་པོ་ཞིག་གྲུབ་པར་བྱེད་དགོས་ཞེས་ནན་གྱིས་གསུངས།
ལིས་ཆང་གིས་ཧྲང་ཧའེ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱིས་དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ལེགས་སྐྱེས་གང་མང་འབུལ་དགོས་པའི་ཐུགས་རེ་བཏོན།
ཁྲིན་ཅིས་ཉིང་དང་ཝུའུ་ཀྲིན་ལུང་རྟོག་ཞིབ་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།