འཛམ་གླིང་གི་སློབ་ཆེན་སློབ་མའི་དབྱར་དུས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པ་ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོ། སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མགོ་རྩོམ་མཛད་སྒོའི་སྟེང་ཕེབས་ཏེ། སྐབས་འདིའི་ལུས་རྩལ་འགྲན་ཚོགས་དངོས་སུ་མགོ་བརྩམས་པ་ཁྱབ་སྒྲོག་གནང་།
ཚའེ་ཆི་དང་ཏིན་ཞུའེ་ཞང་། དེ་བཞིན་འཛམ་གླིང་གི་ས་གནས་ཁག་ནས་ཕེབས་པའི་མགོ་ཁྲིད་མི་སྣ་དང་སྐུ་མགྲོན་རྣམས་མགོ་རྩོམ་མཛད་སྒོའི་སྟེང་ཞུགས།
དགོང་མོའི་དུས་ཚོད་བདུན་དང་སྐར་མ་ང་བརྒྱད་ཀྱི་སྟེང་དུ།《ཞི་བདེ་དང་ལས་སྐལ་གཅིག་མཐུན་ཚོགས་པ》ཞེས་པའི་རོལ་དབྱངས་ཀྱི་འགྲོས་དང་བསྡོངས་ནས། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གྱིས་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་ཚབ་ཀྲུའུ་ཞི་ཨའེ་ཏི་སོགས་དང་མཉམ་དུ་ཀྲུའུ་ཞི་སྟེགས་བུའི་སྟེང་ཕེབས་ནས། ལྟད་མོ་བར་ཕྱག་གཡུག་གཡུག་གནང་ནས་གུས་འདུད་ཞུས་པ་ན། ཚོགས་ར་ཡོངས་སུ་དུས་ཡུན་རིང་པོའི་བར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།
དགོང་མོའི་དུས་ཚོད་དགུ་དང་སྐར་མ་བཅུ་དྲུག་གི་སྟེང་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲིན་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པ་དངོས་སུ་མགོ་བརྩམས་པ་ཁྱབ་སྒྲོག་གནང་བ་ན། ཚོགས་ར་ཡོངས་སུ་འཁྲུག་ཆ་དོད་པའི་ཚོན་ཁྲ་ཅན་གྱི་ཤོག་སྦག་སྤར་ནས། “དགའ་བསུ་ཞུ”ཞེས་པའི་རྒྱ་ཡིག་དང་དབྱིན་ཡིག་གི་ཡིག་གཟུགས་མཐོང་ལམ་དུ་མངོན་པར་བཤམས།
མགོ་རྩོམ་མཛད་སྒོར་ཞུགས་མཁན་གྱི་རྒྱལ་སྤྱིའི་སྐུ་མགྲོན་གྲས་སུ། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙའོ་ཁི་དང་ལྕམ་མོ་དབྱི་ལིས་ཡཱ་ན་དང་། མོ་རི་ཐ་ནི་ཡའི་ཙུང་ཐུང་ཅ་ཚི་ཝ་ཉིས། པུ་རུན་ཏིའི་ཙུང་ཐུང་ཨན་ཏ་དབྱི་ཧྲི་སྨི་ཡེ། ཀུའེ་ཡ་ནའི་ཙུང་ཐུང་ཨ་ལིས། ཀི་ལུའུ་ཅི་ཡའི་ཙུང་ལི་ཅཱ་ལིས་པ་ཧྲི་ཝའེ་ལིས་བཅས་ཡོད།
ཝང་དབྱི་དང་ལིས་ཀན་ཅེ། ཝང་ཞའོ་ཧུང་། ཁྲིན་དབྱི་ཆིན་བཅས་མགོ་རྩོམ་མཛད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།