ཉེ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་སྔ་གཞུག་ཏུ་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་རེ་བ་དངོས་འབེབས་བྱས་པར་མ་ཟད་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའི་གྲོས་ཚོགས་དང་ཀྲུང་དབྱང་གི་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས།
གྲོས་ཚོགས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་བྱས་ཤིང་། ཏང་ཀྲུང་དབྱང་གི་མིག་སྔའི་དཔལ་འབྱོར་གནས་བབ་ཐད་ཀྱི་བརྡར་གཅོད་གལ་ཆེན་དང་བཀོད་སྒྲིག་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། གཏན་འཇགས་ཁྲོད་ཡར་ཐོན་བརྩོན་པའི་བྱ་བའི་སྤྱིའི་གདངས་དབྱངས་རྒྱུན་འཁྱོངས་བྱེད་དགོས་པ་དང་། འཐུས་སྒོ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། ཧུར་ཐག་སྒོས་འཕེལ་རྒྱས་རྣམ་པ་གསར་བར་ཞབས་འདེགས་ཞུ་བ་དང་དེར་འདྲེས་པར་བྱེད་པ། ཧུར་ཐག་སྒོས་ནང་མཁོ་རྒྱ་བསྐྱེད་དེ་ཤུགས་ཆེན་པོས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། བསྟུད་མར་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ། ཟོལ་མེད་ཀྱིས་ཁྱབ་ཁོངས་གཙོ་བོའི་ཉེན་ཁར་དོགས་ཟོན་དང་ཞི་འཇགས་སུ་གཏོང་བ། དམངས་འཚོའི་འགན་སྲུང་ཤུགས་ཚད་ཇེ་ཆེར་གཏོང་བ། རྒྱུན་ཆད་མེད་པར་དཔལ་འབྱོར་འཁོར་སྐྱོད་བསྟུད་མར་ཇེ་བཟང་དུ་འགྲོ་བ་དང་ནང་གི་སྒུལ་ཤུགས་བསྟུད་མར་ཇེ་དྲག་ཏུ་འགྲོ་བ། སྤྱི་ཚོགས་ཀྱི་རྣམ་པ་བསྟུད་མར་ལེགས་བཅོས་བྱེད་པ། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་བསྟུད་མར་ཞི་འཇགས་སུ་གཏོང་བར་ཡར་སྐུལ་བྱས་ཏེ། དཔལ་འབྱོར་ཐད་ངོ་བོ་རང་བཞིན་ལྡན་པའི་མཐོར་འདེགས་དང་ལུགས་མཐུན་གྱི་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་དགོས། བརྗོད་དོན་སློབ་གསོ་སྒུལ་ཤུགས་སུ་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་སོ་སོའི་ལས་སྒྲུབ་ལས་སྐྲུན་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་བྱས་ནས། གོ་སྐབས་དམ་འཛིན་དང་དངོས་སྒྲུབ་གཙོར་འཛིན་བྱས་ཏེ། རྣམ་པ་གསར་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ནས་ཟླ་བདུན་པའི་ཚེས་བཅུ་བཞི་ཉིན་དང་ཚེས་ཉེར་གཅིག་ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། མ་མཐའི་ཚད་ཐིག་གི་འདུ་ཤེས་དང་ཚད་མཐའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཤིང་། ནུས་ཁུངས་གློག་ཤུགས་མཁོ་འདོན་གྱི་འགན་སྲུང་ལ་ཤུགས་སྣོན་པ་དང་། འབབ་ཞོད་ཆེ་བའི་དུས་སྐབས་ཀྱི་ཆུ་ལོག་གནས་ཚུལ་ལ་ཚད་འཇལ་སྔོན་བརྡ་གཏོང་བར་ཤུགས་སྣོན་བྱེད་པ། གཏན་འཇགས་ངང་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་ཆེད་དོན་བཅོས་སྐྱོང་བྱ་བ་སྤེལ་ནས། བདེ་འཇགས་དོན་རྐྱེན་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་དོགས་ཟོན་བྱེད་དགོས། རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། མཁར་གྲོང་དང་གྲོང་གསེབ་ཀྱི་འཆར་འགོད་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་བྱེད་དགོས། རྩིས་བཤེར་ལེགས་བཅོས་འགན་འཁྲི་དངོས་འབེབས་བྱས་ནས་གཟབ་ནན་གྱིས་རྩིས་བཤེར་ལེགས་བཅོས་བྱ་བ་དམ་འཛིན་བྱེད་དགོས།
གྲོས་ཚོགས་ནས་མཚོ་ནུབ་ཁུལ་གྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་འགའ་ཞེས་པར་གྲོས་ཞིབ་བྱས་ནས་རྩ་བའི་ཐོག་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཆེ་ཕྱོགས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་མཚོ་ནུབ་ཁུལ་གྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཤིང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་རླུང་ཤུགས་དང་ཉི་འོད་ནུས་པའི་རྟེན་གཞི་གསར་བསྐྲུན་བྱེད་པ། དེང་རབས་ཀྱི་འཁོར་སྐྱོད་དཔལ་འབྱོར་གྱི་ཐོན་ལས་མ་ལག་བཙུགས་ཏེ། རྣམ་པ་གསར་བའི་མཁར་གྲོང་ཅན་གྱི་འཛུགས་སྐྲུན་ལ་གཅིག་འདོམས་དང་རྨང་གཞིའི་འདེགས་སྐྱོར་ནུས་པ་ཇེ་དྲག་ཏུ་གཏོང་དགོས།
གྲོས་ཚོགས་ནས་སྡེ་ཁག་བརྒལ་བའི་ཕྱོགས་བསྡུས་ལྟ་རྟོག་དོ་དམ་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་གནད་དོན་ཞིབ་འཇུག་བྱས། གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ནན་ཏན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱེད་པ་དང་། སྲིད་གཞུང་གི་འགན་ནུས་མྱུར་དུ་བསྒྱུར་བ། ལྟ་རྟོག་དོ་དམ་མ་ལག་གི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་པ། ལྟ་རྟོག་དོ་དམ་བྱེད་ཐབས་གསར་གཏོད་བྱེད་པ། སྲིད་གཞུང་གི་ལྟ་རྟོག་དོ་དམ་བྱེད་ནུས་མཐོར་འདེགས་བྱས་ཏེ། ཚོང་རའི་འགྲན་རྩོད་སྔར་ལས་འདྲ་མཉམ་དང་གོ་རིམ་ལྡན་པ་དང་། ཚོང་རའི་གསོན་ཤུགས་ཆེས་ཆེར་མངོན་པར་སྐུལ་འདེད་་གཏོང་དགོས།
གྲོས་ཚོགས་ནས་ད་རུང་དོན་དག་གཞན་པར་ཞིབ་འཇུག་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།