ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲིན་ཏུའུ་རུ། འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པའི་མགོ་རྩོམ་མཛད་སྒོར་ཕེབས་ནས་ཀྲུང་གོར་འཚམས་འདྲི་གནང་མཁན་གྱི་མོ་རི་ཐ་ནི་ཡའི་ཙུང་ཐུང་ཅ་ཚི་ཝ་ཉིས་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་པ་དང་ཀྲུང་གོ་ཕྱོགས་དང་མཉམ་དུ་ལངས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་སྔར་སྲོལ་བཞིན་མོ་རི་ཐ་ཉི་ཡས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་མ་ཟད། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་མོ་རི་ཐ་ནི་ཡའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐ་ནི་ཡ་ཕྱོགས་དང་མཉམ་དུ། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། མོ་རི་ཐ་ནི་ཡ་ཕྱོགས་ལ་ནུས་པས་ལྕོགས་ཚོད་ཀྱིས་མུ་མཐུད་དུ་རོགས་རམ་བྱས་ཏེ། མོ་རི་ཐ་ནི་ཡ་ལ་རོགས་སྐྱོར་བྱེད་པའི་ཞིང་ལས་དང་འབྲོག་ལས་གཉིས་ཀྱི་ལག་རྩལ་དཔེ་སྟོན་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཤ་མོ་སྐྱེ་རྩྭའི་འདེབས་འཛུགས་ལག་རྩལ་མཉམ་ལས་ལ་ཤུགས་སྣོན་པ། ཉ་ལས་དང་ཞིང་ལས། འབྲོག་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་ཀས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་ལ་མིང་རྟགས་བཀོད་དེ། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་གཏིང་ཟབ་དང་རྒྱ་སྐྱེད་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་ནན་གྱིས་གསུངས།
ཅ་ཚི་ཝ་ཉིས་ཀྱིས་མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོ་གཅིག་གི་རྩ་དོན་ལས་འགལ་བའི་གཏམ་སྤྱོད་གང་རུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་གཏོང་འདོད་ཡོད། མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཨ་རབ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།
མཇལ་འཕྲད་གྲོལ་རྗེས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་མོ་རི་ཐ་ནི་ཡ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཉམ་ལས་འཆར་འགོད》ལ་མིང་རྟགས་འགོད་པར་བདེན་དཔང་གནང་།
ཚའེ་ཆི་དང་ཏིན་ཞུའེ་ཞང་། ཝང་དབྱི། ཧྲིན་དབྱི་ཆིན་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།