ཞི་ཅིན་ཕིང་གིས་ཀུའེ་ཡ་ནའི་ཙུང་ཐུང་ཨ་ལིས་ལ་མཇལ་འཕྲད་གནང་།
2023.07.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲིན་ཏུའུ་རུ། འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པའི་མགོ་རྩོམ་མཛད་སྒོར་ཕེབས་ནས་ཀྲུང་གོར་འཚམས་འདྲི་གནང་མཁན་གྱི་ཀུའེ་ཡ་ནའི་ཙུང་ཐུང་ཨ་ལིས་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཀུའེ་ཡ་ན་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་གཉིས་ཀས་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཕུགས་ཀྱི་ཁེ་ཕན་ལ་དམ་པོར་དམིགས་ཏེ། འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་པ་དང་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། ཀུའེ་ཡ་ན་ཡི“ཉིས་སྟོང་སུམ་ཅུ་ལོའི་བར་གྱི་ཐཱན་ཉུང་འཕེལ་རྒྱས་འཐབ་ཇུས”འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་འདོད་ཡོད། ཀུའེ་ཡ་ན་ཕྱོགས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་ཁྲོད་ཞུགས་ནས། ཀུའེ་ཡ་ན་ཡི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་སྔར་ལས་གང་མང་ཀྲུང་གོའི་ཁྲོམ་རར་འདོན་རྒྱུར་དགའ་བསུ་ཞུས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀུའེ་ཡ་ན་རུ་སོང་ནས་དངུལ་གཏོང་བྱ་རྒྱུར་སྐུལ་མ་བཏང་ནས། ནུས་ཁུངས་དང་གཏེར་ལས། དངུལ་རྩ། ཞིང་ལས་དང་ཉ་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་སྐྱེད་བཏང་ནས། ནུས་ཁུངས་གསར་པ་དང་ལྗང་མདོག་འཕེལ་རྒྱས་སོགས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས། ཕྱོགས་གཉིས་ཀས་མི་ཆོས་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་མི་སྣ་འགྲོ་འོང་ལ་སྟབས་བདེ་བསྐྲུན་ནས། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་གྱི་དམངས་འདོད་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་གསུངས།

ཨ་ལིས་ཀྱིས་ཀུའེ་ཡ་ན་ཕྱོགས་ཀྱིས་ཀྲུང་གོ་ནི་ཡིད་ཆེས་ཆེན་པོ་བྱས་ཆོག་པའི་མཉམ་ལས་གྲོགས་པོར་བརྩིས་ཡོད། ཀྲུང་གོའི་ཁེ་ལས་ཀུའེ་ཡ་ན་རུ་ཡོང་ནས་མ་དངུལ་བཏང་ནས་ལས་སྐྲུན་བྱེད་པར་དགའ་བསུ་ཞུས་པ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ནས། ནུས་ཁུངས་དང་གནམ་གཤིས་འགྱུར་ལྡོག འབྲུ་རིགས་བདེ་འཇགས་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་སྔར་ལས་ལེགས་པའི་སྒོ་ནས་ཁ་གཏད་འཇལ་རྒྱུའི་རེ་བ་ཡོད།  ཀུའེ་ཡ་ན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་འགོ་གལ་ཆེན་རབ་དང་རིམ་པར་རྒྱབ་སྐྱོར་བྱས་ནས།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་འབད་པས་ཞུགས་ཏེ། ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་མཉམ་ལས་དམ་ཟབ་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། སྔར་ལས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་སྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཚའེ་ཆི་དང་ཏིན་ཞུའེ་ཞང་། ཝང་དབྱི། ཧྲིན་དབྱི་ཆིན་སོགས་མཇལ་འཕྲད་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།