ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པ་རྨ་ལྷོ་ཁུལ་དུ་འབྱོར་ནས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བར་དགའ་སྟོན་བྱ་འགུལ་ལ་ཞུགས་རྒྱུ་རེད།
2023.07.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་བདུན་པའི་ཚེས་ཉེར་དགུ་ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་བྱ་འགུལ་ལ་ཞུགས་པའི་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་འབྱོར།

ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཨུ་ཡོན་ཆིན་དབྱེ་ཀྲི་ཡིས་ཚོགས་གཙོའི་འགན་ཁུར་ཡོད་པ་དང་། རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ཇུས་གཞི་ཁང་གི་ཀྲུའུ་རིན་ཕིན་ཅན་ཧྭ་ཡིས་ཚོགས་གཙོ་གཞོན་པའི་འགན་ཁུར་ཡོད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་སྐུལ་འདེད་ཟི་ཡི་རིམ་པ་དང་པོའི་སྐོར་ཞིབ་པ་ཝང་ཧེ་ཆིན་གྱིས་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་ཁུར་ཡོད།

མཚོ་སྔོན་ཞིང་ཆེན་གྱི་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པར་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཚོགས་གཙོའི་འགན་ཁུར་ཡོད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་དབྱང་ཧྥུན་ཁྲོན། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་གཞོན་པ་རྣམ་རྒྱལ་བཅས་ཀྱིས་ཚོགས་གཙོ་གཞོན་པའི་འགན་ཁུར་ཡོད། ཞིང་ཆེན་མི་རིགས་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཝུའུ་ཏི་ཅུན་གྱིས་དྲུང་ཡིག་ཆེན་མོའི་འགན་ཁུར་ཡོད།

ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་རྟེན་འབྲེལ་ཞུ་བའི་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་ཏང་སྲིད་དམག་གསུམ་གྱི་འཐུས་ཚབ་ཚོགས་པ་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་ཐུན་རིན་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོར་སོང་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དུར་མཆོད་བྱ་འགུལ་ལ་ཞུགས་རྒྱུ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་བདུན་ཅུ་འགོར་བའི་དགའ་སྟོན་ཚོགས་ཆེན་ལ་ཞུགས་རྒྱུ་ཡིན་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱ་བའི་སྙན་ཞུ་ཚོགས་འདུ་དང་བཞུགས་མོལ་ཚོགས་འདུར་ཞུགས་རྒྱུ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་མྱོང་རོལ་ཁང་གི་གྲུབ་འབྲས་འགྲེམ་སྟོན་ལ་བལྟ་རྒྱུ་རེད། སྒོ་དམར་གནའ་མཁར་དང་སེང་གེ་གཤོང་ཞོལ་མའི་དགོན་པ། རེབ་གོང་སྒྱུ་རྩལ་གླིང་་བཅས་ལ་ལྟ་སྐོར་བྱས་ཏེ། རེབ་གོང་གི་ལོ་རྒྱུས་རིག་གནས་དང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་བའི་གནས་ཚུལ་ལ་རྟོག་ཞིབ་བྱེད་རྒྱུ་མ་ཟད། རྨ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་རྨ་ལྷོ་ཁུལ་མི་དམངས་སྨན་ཁང་། རྨ་ལྷོ་དམག་དོན་ཡན་ལག་ཁུལ། དྲག་ཆས་ཉེན་རྟོག་རྨ་ལྷོའི་ཡན་ལག་རུ་ཁག་བཅས་སུ་སོང་ནས་འཚམས་འདྲིའི་བྱ་འགུལ་སྤེལ་རྒྱུ་རེད།

ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ཐུན་རིན་གྲོང་ཁྱེར་གྱི་གྲོང་སྲིད་འཛུགས་སྐྲུན་ལས་གཞི་དང་གྲོང་གསེབ་གནས་སྐོར་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་བྱས་ནས། རྨ་ལྷོ་ཁུལ་གྱི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་འགྲེམ་སྟོན་ཕྱིར་ཚོང་ལ་ལྟ་སྐོར་བྱེད་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།