ལིས་ཞི་ཡིས་ཞིན་ཅང་དུ་རྟོག་ཞིབ་གནང་།
2023.07.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་དགུ་ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་ཞིན་ཅང་དུ་རྟོག་ཞིབ་གནང་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བརྗོད་དོན་སློབ་གསོ་དང་སློབ་གསོ་དག་ཐེར་ལ་མུ་མཐུད་དམ་འཛིན་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། གཞུང་དྲང་ལས་སྒྲུབ་ཀྱི་ཁྲིད་ཕྱོགས་དང་ལས་སྒྲུབ་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། ལས་སྒྲུབ་ཀྱི་མཉམ་ཤུགས་ཆགས་པར་བྱེད་རྒྱུ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱས་ནས།“གཏན་ཕབ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”དེ་འགན་གཙང་ལེན་བྱེད་པའི་བྱ་སྤྱོད་དངོས་ཀྱི་སྟེང་ནས་མངོན་པར་བྱེད་དགོས་ཞེས་ནན་གྱིས་གསུངས།

ལིས་ཞི་ཡིས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་པའི་སྟེང་ཡག་པོ་བསྐྱོད་པར་ཅིས་ཀྱང་། མི་རིགས་སོ་སོའི་མི་དམངས་ཚོས་སེམས་ནུས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཚོགས་བརྟན་ལྷིང་དང་ཡུན་སྐྱོང་བདེ་འགོད་ཀྱི་སྤྱིའི་དམིགས་འབེན་ལ་དམིགས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་ཇེ་བརྟན་དུ་གཏོང་བ་དང་། ལངངས་ཕྱོགས་གསལ་སྟོན་གྱི་སྒོ་ནས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་བ། ཞིན་ཅང་བརྟན་ལྷིང་དང་ཞིན་ཅང་དར་རྒྱས་གཏོང་བ། དམངས་ཕན་དམངས་ཕྱུག་སྲིད་ཇུས་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་པ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་མངོན་གསལ་ཅན་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་ལ་བརྟེན་ནས། མི་རིགས་སོ་སོའི་མི་དམངས་ཚང་མ་སེ་འབྲུ་བཞིན་དམ་དུ་འབྲེལ་ཏེ། མཉམ་དུ་མཛེས་སྡུག་ལྡན་པའི་འཚོ་བ་སྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

ལིས་ཞི་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་བེད་སྤྱོད་གཏོང་རྒྱུ་དེ་ཡིན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་གི་ལས་འགན་དང་ལས་འགན་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་བཅངས་ནས། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། ནམ་ཡང་ལམ་དུ་ཡོད་པའི་ཆོད་སེམས་དང་སྙིང་སྟོབས་ལ་བརྟེན་ནས། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་། ཐོག་མཐའ་དྲུག་ལ་དམིགས་ནས་རང་འགན་གཙང་སྒྲུབ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་དགོས་པའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ས་ནས་ཟབ་སའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།