ལིས་ཆང་གིས་མོ་རི་ཐ་ནི་ཡའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.07.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 75

ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ། འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པའི་མགོ་རྩོམ་མཛད་སྒོར་ཞུགས་ནས་ཀྲུང་གོར་འཚམས་འདྲི་གནང་མཁན་གྱི་མོ་རི་ཐ་ནི་ཡའི་ཙུང་ཐུང་ཅཱ་ཚི་ཝ་ཉིས་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་ཀྲུང་གོ་དང་མོ་རི་ཐ་ནི་ཡའི་བར་དུ་མཛའ་མཐུན་ཟབ་མོ་ལྡན། ཉིན་འགའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་རྣམ་གཉིས་ཀྱིས་གྲུབ་འབྲས་ཐོབ་པའི་ངང་མཇལ་འཕྲད་གནང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུའི་ཐད་མཉམ་དུ་འཆར་འགོད་དང་བཀོད་སྒྲིག་གསར་པ་གནང་། ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐ་ནི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་ཀས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་ལ་མིང་རྟགས་བཀོད་པ་དེ་གོ་སྐབས་སུ་བརྩིས་ནས། ཞིང་ལས་དང་ཉ་ལས། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། འཕྲོད་བསྟེན་དང་སློབ་གསོ་སོགས་མི་ཆོས་རིག་གནས་བརྗེ་རེས་ལ་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།  ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐ་ནི་ཡ་འཕེལ་རྒྱས་དང་དར་རྒྱས་ཡོང་ཆེད་མུ་མཐུད་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།

ཅཱ་ཚི་ཝ་ཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་བཅས་ལ་མོས་མཐུན་ཆེན་པོ་ཡོད་ཅིང་། མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་བརྟན་པོ་བྱས་ཏེ། ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།