ལིས་ཆང་གིས་ཀུའེ་ཡ་ནའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2023.07.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་དུ། འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་སོ་གཅིག་པའི་མགོ་རྩོམ་མཛད་སྒོར་ཞུགས་ནས། ཀྲུང་གོར་འཚམས་འདྲི་གནང་མཁན་གྱི་ཀུའེ་ཡ་ནའི་ཙུང་ཐུང་ཨ་ལིས་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་ཉིན་འགའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་རྣམ་གཉིས་ཀྱིས་གྲུབ་འབྲས་ཐོབ་པའི་ངང་མཇལ་འཕྲད་གནང་ནས། ཀྲུང་གོ་དང་ཀུའེ་ཡ་ནའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀུའེ་ཡ་ན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ།“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་གོ་སྐབས་སུ་བརྩིས་ནས། དཔལ་འབྱོར་ཉོ་ཚོང་དང་ཞིང་ལས། ནུས་ཁུངས། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་ནས།ཀྲུང་ཀུའེ་རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པ་སྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཨ་ལིས་ཀྱིས་ཀྲུང་གོ་ནི་ཀུའེ་ཡ་ན་ཡི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན། ཀུའེ་ཡ་ན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཞིང་ལས་དང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། མི་ཆོས་རིག་གནས་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས། མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་བྱེད་འདོད་ཡོད། ཀུའེ་ཡ་ན་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོ་ཕྱོགས་ཀྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བསྟོད་བསྔགས་བྱས་པ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་འདོད་ཡོད་ཅེས་བསྟན།

ཝུའུ་ཀྲིན་ལུང་མཇལ་འཕྲད་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།